ཕ་སྐད་ཕ་གཞི་ཉམས་པའི་མུན་ནག་གླིང་།

དེ་རིང་ཞོགས་པ་ངོ་དེབ་ནང་ལ་ང་ཚོའི་ས་གནས་ཀྱི་བགྲེས་སོང་{senior citizen} མཚན་ནས་སྨོས་ན་ཨོ་རྒྱན་ནོར་བུ་ལགས་ནས་ཕ་སྐད་བོད་ཡིག་གཙང་མའི་ཐོག་ནས་རང་གི་ལོ་རྒྱུས་ཤིག་འབྲི་འདོད་ཡོད་པའི་དགོངས་འཆར་ཟབ་མོ་ཞིག་བྲིས་འདུག དེ་ལ་མིག་མདངས་གཅིག་གིས་མགོ་ནས་མཇུག་བར་དུ་བཀླགས་པ་ཡིན། དེ་ལས་འཕྲོས་ཏེ་རང་ཉིད་ལ་ཚོར་ཤུགས་དྲག་པོས་ཨོ་རྒྱན་ལགས་དུས་རྒྱུན་ལྡན་ནས་བོད་ཡིག་ཐོག་མཆན་དང་བསམ་ཚུལ་འབྲི་སྤེལ་གནང་བཞིན་པར་རྟག་པར་མཇལ། སོ་སོ་རང་ཉིད་ལ་དུས་ཁོམ་ཡོད་མེད་དང་། རང་ཉིད་ཀྱིས་བོད་ཡིག་ཤེས་མིན་ལ་མ་ལྟོས་པར་ཁོང་གིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་མཆན་དང་རྩོམ་ཐུང་ཇི་སྙེད་ཅིག་ཐེངས་རེ་་ཀློག་ཐུབ་པའི་འབད་པ་བྱས་། དེའི་རྒྱུ་མཚན་གཙོ་བོ་ནི་ཁོང་ཉིད་ཀྱིས་བྲིས་གནང་བའི་མཆན་སོགས་བརྫོད་བྱ་དང་རྗོད་བྱེད་དེ་དག་ངའི་སེམས་ཁམས་ལ་འཚམ་དང་མི་འཚམ་ཀྱི་གནད་དོན་མིན་པར་འདི་ནི་ཁོང་ཉིད་ཀྱིས་རང་གི་ཕ་སྐད་ལ་བཅང་བའི་ཆེད་མཐོང་དང་། ཞེན་ཁོགས། སྤོབས་པ། སེམས་ཤུགས། ལ་རྒྱ། བླ་སྲོག་ལྟ་བུའི་འདུ་ཤེས་བཟུང་སྟེ་འབད་པ་ཆེན་པོས་སྐད་ཡིག་གཞན་གྱི་བྲན་གཡོག་ཏུ་མ་སོང་བར་རང་གི་ཕ་སྐད་བོད་ཡིག་ཁོ་ན་བཀོལ་སྤྱོད་བྱས་ཏེ་སོ་སོའི་ཉིན་རེའི་འཚོ་བའི་འཆར་སྣང་དགོངས་གཞི་རྣམས་བརྡ་སྤྲོད་ལམ་ནས་ངལ་བར་བརྩོན་པ་འདི་ནི་ཆེད་ཡིད་འཕྲོག་དགོས་པའི་མིག་དཔེ་བཟང་པོ་ཞིག་དང་མི་རབས་གསར་པ་ལ་སྐུལ་མའི་གསལ་འདེབས་ཞིག་ཀྱང་ཡིན་པ་སྨོས་མ་དགོས་སོ།། ཡང་སྒོས་སུ་སོ་སོ་རང་ཉིད་ལ་ཡང་ཕ་སྐད་བོད་ཡིག་ལ་དོ་སྣང་དང་ཉིན་ལྟར་འཚོ་བའི་ནང་ལ་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་སྐུལ་མའི་སེམས་ཤུགས་འཕར་མ་ཞིག་ཀྱང་གནང་བྱུང་། ཁྱེད་ཀྱིས་ཕ་སྐད་བོད་ཡིག་གི་ལམ་ནས་རྩོམ་འབྲི་ལ་བརྩོན་པ་འདིས་ང་དང་ང་འདྲ་བར་ཕ་སྐད་བོད་ཡིག་ལ་ཞེན་ཆགས་ལྡན་པའི་གདོང་དམར་རྩམ་གཟན་རྣམས་ལ་ལམ་སྟོན་མིག་དཔེ་ཡར་ལྟོས་ཞིག་ཏུ་གྱུར་ཡོད། སྐབས་ཤིག་ལ་དྲྭ་རྒྱའི་གླེང་སྟེགས་ཤིག་གི་ནང་དུ་ཁོང་ཉིད་ཀྱི་གླེང་མོའི་བརྒྱུད་རིམ་ནང་དབྱེན་དཀྲུག་མཁན། མི་ཤེས་ཤེས་ཁུལ་རློམ་པའི་མཁས་བརྫུན་འགས། ཁོང་ཉིད་ལ་བོད་ཡིག་ཤེས་ཀྱི་མིན་འདུག་ཅེས་འཕྱ་སྨོད་བསྡིགས་པ་སོགས་གླེང་སློང་གནང་པ་སོགས་ཐོས་། གུས་པ་རང་ཉིད་ནས་ཀྱང་དྲྭ་རྒྱའི་ནང་མཆན་ཆུང་འགའ་དངོས་སུ་མཐོང་། ཨོ་རྒྱན་ལགས་ལ་མཚོན་ན། དགོང་ལོ་དྲུག་ཅུའི་རྗེས་ལ་བོདཡིག་སྦྱོང་ཤེས་དང་བཀོལ་སྤྱོད་འོག་ནས་ངོ་དེབ་སྒང་ལ་རང་གི་ཚོར་བ་དེ་བོད་ཡིག་སྒང་ནས་བརྡ་སྤྲོད་གནང་ཐབས་ནི་གཟི་བརྗིད་དང་མངོན་པར་བསྟོད་འོས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ནི་བོད་ཡིག་སྦྱོང་མཁན་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་རྣམས་ནས་ཚིག་འབྲུ་འགའ་འམ་མཆན་ཆུང་གི་བརྗོད་པའི་ནང་ན་ཚིག་ཕྲད ་ཕྲན་བུ་འདྲེད་སྟབས་་ཤོར་ན་སྐྱོན་མཚང་ནམ་མཁར་འཕྱར་སྟེ་དེ་ལ་ནོར་བཅོས་བྱ་རྒྱུར་རམ་འདེགས་ཚབ་ལ་དམའ་འབེབ་་ཁྱད་གསོད་ཀྱི་འཕྱ་ཚིག་བསྣུན་ཅི་ཐུབ་བྱེད་པ་དེ་ཡིན། རང་གི་རིག་གཞུང་སྐད་ཡིག་དྲི་ངད་མ་འཐུལ་བས་བོད་སྐད་བཤད་སར་ཨིན་སྐད་ཤེས་ཁུལ་དང་ཨིན་སྐད་བཤད་སར་བོད་སྐད་ཤེས་ཁུལ་། ཁུལ་རློམ་གཉིས་ཀྱི་ནང་ནས་གཉིས་མེད་བོང་བུ་ཁྱེད་རྣམས་ནི་རང་གི་ཕ་སྐད་བོད་ཡིག་ལ་མཐོང་ཆུང་དམའ་འབེབ་བྱས། འདི་ནི་སོ་སོ་རང་ཉིད་ཀྱི་གདོང་ལ་པགས་པ་མེད་པ་ཁ་སྐྱེངས་ངོ་སྐྱེངས་མི་་ཤེས་པའི་མི་གཟུགས་ནང་གི་བྱོལ་སོང་ངོ་མ་དེ་མ་ཡིན་ནམ། ཁོང་གི་མི་རིགས་དང་འཐབ་རྩོད་ཀྱི་སྤོབས་པ་བློ་ཁོག་ལ་ང་ཚོ་སུས་ཅིག་གིས་འགྲན་མི་ཐུབ་། ཁོང་གི་མི་རིགས་གཞན་གྱི་སྐད་ཡིག་དམིགས་བསལ་ཨིན་སྐད་ནི་འཛམ་གླིང་རྒྱལ་སྤྱིའི་གླེང་སྟེགས་ལ་འགྲན་ཐུབ་པའི་འདེང་ཚོད་དང་སྤོབས་པ་དེ་ང་ཚོས་ཤེས་གསལ་ཡིན། ད་ནི་དུས་ཀྱི་ཕོ་ཉའི་བཀའ་བཙན་པོས་མཚམས་འདིར་གཏམ་མཇུག་བསྡུ་དགོས་བྱུང་བས་མཐའ་སྡོམ་ང་ཚོའི་བསྐུར་འོས་བགྲེས་སོང་ཨོ་རྒྱན་ལགས་ལ་སྙིང་ཐག་པ་ནས་སྐུ་ཉིད་ནས་ངལ་རྩོལ་ཆུ་རྒྱུན་ལས་ཕ་སྐད་བོད་ཡིག་བཀོལ་སྤྱོད་གནང་བ་ལ་བཀའ་དྲིན་་ཆེ་ཞུ་འདོད་བྱུང་།   ༄༅།། ཕ་སྐད་ཕ་གཞི་ཉམས་པའི་མུན་ནག་གླིང་། །           ཕ་སྐད་མྱུ་གུ་འདེབས་པའི་ངལ་རྩོལ་འདིས་།།           གཡུར་ཏུ་ཟ་བའི་འབྲས་བཟང་ཡོངས་སྨིན་ཏེ་།།         གསར་བཞད་རིག་་མྱུག་ཡོངས་ལ་ཚིམ་པར་སྨོན་།།