ལམ་ཡིག་ངོ་སྤྲོད།
མཚམས་སྤྲིན་བྲལ་བའི་ལེ་དབར་ཁྲི་གཅིག་མའི་འགྲུལ་བཞུད། (Ten Thousand Miles Without a Cloud)
མཛད་པ་པོ། རྒྱའི་མཁས་པ་༼སུན་ཤུ་ཡུན༽
དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢༠ ཞོགས་པ་ཉེ་འཆར་ཀློག་བཞིན་པའི་དཔེ་དེབ་གལ་ཆེན། མཚམས་སྤྲིན་བྲལ་བའི་ལེ་དབར་ཁྲི་གཅིག་མའི་འགྲུལ་བཞུད། ཅེས་པ་རྒྱ་ཡི་བཙུན་པ་ཐང་སན་གྱི་རྣམ་ཐར་དང་ལམ་ཡིག་གི་རྗེས་སུ་བསྙེགས་ཏེ་ཐང་སན་གྱི་འཁྲུངས་ཡུལ་ནས་ལམ་འགོ་བསུས་ཏེ་ཁོང་གིས་འཕགས་པའི་ཡུལ་དུ་ཞབས་ཀྱིས་བཅགས་པའི་ལམ་ཡིག་ངོ་མཚར་ཅན་འདི་བཀླགས་པའི་མྱོང་ཚོར་རྣམས་རང་གི་ཡིད་རྟེན་འཇོག་པའི་ཆེད་དེར་ཡིག་ཐོ་དང་དཔྱད་བརྗོད་ཞིག་འགོད་པར་འདོད།
དེབ་འདིའི་བརྗོད་བྱ་ཐང་སིན་བླ་མའི་ལམ་ཡིག་དབྱིན་ཡིག་ནང་བྲིས་ཡོད་པ་དང་གོ་བདེ་བ་སྙན་ཆ་དོད་པ་རྒྱན་དང་ཚིག་རྙོག་གིས་མི་བསླད་པ། མ་ཕྱི་འདི་ལ་གཞི་བཅོལ་ནས་ཉེ་རབས་རྒྱའི་མཁས་པ་༼སུན་ཤུ་ཡུན༽མཆོག་ནས་རང་ཉིད་རྒྱའི་བཙུན་པ་ཞོན་ཙང་གི་ཞབས་རྗེས་སུ་བསྙེགས་ཏེ་འགྲུལ་བཞུད་ཀྱིས་གནས་ལ་རྒྱུས་ལོན་བྱས་ཏེ་རང་ཉིད་ཀྱི་ཉམས་མྱོང་སྤེལ་བའི་དེབ་འདི་བརྩམས་གནང་བ་ཞིག་ཡིན།
ལོ་རྒྱུས་ཀྱི་རྒྱབ་ལྗོངས།
དུས་རབས་དྲུག་པ་ཐང་རྒྱལ་རབས་ཀྱི་བཙུན་པ་ཐང་སིན་བླ་མ་མིང་ཡོངས་གྲགས༼ཞོན་ཙང་༽ཧུས་ནན་ཞིང་ཆེན་གྱི་ཅིན་ཧི་གྲོང་ལ་སྤྱི་ལོ་༦༠༢ སྐུ་འཁྲུངས། དགུང་གྲངས་ཉི་ཤུ་རྩ་བདུན་ལ་སོན་སྐབས། ནང་ཆོས་སློབ་གཉེར་ཆེད་དུ་དཀའ་བ་ཁྱད་དུ་སད་ནས་རི་ཀླུང་ཁྲི་ཕྲག་ལེ་དབར་སྟོང་ལྔ་བཅུའམ་མི་ལི་ཁྲི་གཅིག་བརྒལ་ནས་རང་ཡུལ་བཞག་ནས་རྒྱ་གར་འཕགས་པའི་ཡུལ་ཇི་ལྟར་བརྟོལ་བའི་སྐོར་དང་། སྐབས་དེར་ཐང་རྒྱལ་རབས་ཀྱི་ཆབ་དཔལ་རིག་གནས་ཀྱི་གནས་སྟངས་ཞིབ་ཚགས་ཀྱིས་སྒོ་ནས་འགྲེལ་འདུག། དེའི་དཔེ་མཚོན་འགའ་རྩོམ་པ་པོས་ལམ་ཆེན་ཟུར་གྱི་ཁྱབ་བསྒྲགས་ཁྲེད་དར་ངོས་ཀྱི་ནང་དོན་རྒྱ་ནག་རྒྱལ་ཁབས་ཀྱི་མི་གཤིས་ཀུན་སྤྱོད་ཐང་རྒྱལ་རབས་ལ་འགྲན་དགོས་བཀོད་པ་རིག། མའོ་ཙེ་ཏུང་གིས་ཀྱང་ཐང་རྒྱལ་རབས་འདི་མངའ་ཐང་དཔལ་ཡོན་རྒྱས་ཤོས་ཡིན་པ་བཤད་ཡོད་པར་བརྗོད། ཐང་རྒྱལ་རབས་སྐབས་བུད་མེད་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་གསལ་བརྗོད་བྱས་འདུག།
འགྲུལ་བཞུད་ཀྱི་ཞིབ་འཇུག
ཐང་སན་གྱིས་མི་ལོ་བཅུ་བདུན་རིང་གི་འགྲུལ་ལམ་སྐབས་སུ་མཐོང་ཐོས་མྱོང་གསུམ་དང་། དམིགས་བསལ་ནང་པའི་གནས་དང་རྒྱལ་ཕྲན་སྐོར་གྱི་འབྱུང་རབས་རྣམས་ཡིག་ལམ་ནས་རྡོོ་ལ་རི་མོ་བཀོད་པ་ལྟར་དུས་ད་ལྟ་བར་ཡང་ཁོང་གི་བྲིས་པའི་ལམ་ཡིག་འདི་འཛམ་གླིང་ཡོངས་ཀྱི་ཡིག་མཛོད་མ་ཕྱི་ཁུངས་གཏུགས་ས་ཞིག་ཏུ་གྱུར་ཡོད། ཁོང་གི་ལམ་ཡིག་འདིས་རྒྱ་གར་ཆེན་པའི་ལོ་རྒྱུས་ཀྱི་མ་ཕྱི་ངོ་མ་འདི་ལ་གཞི་བཅོལ་ནས་ལོ་རྒྱུས་སྨྲ་བ་ཡོངས་ཀྱིས་ཁུངས་བགྲང་ས་གཙོ་བོ་ཡིན་པ་འདི་ལ་ཡོངས་གྲགས་རྩོད་པ་མེད་པར་སྣང་།
རྩོམ་པ་པོ་རང་ཉིད་ཀྱིས་དངོས་སུ་ཞོན་ཙང་གི་ཞབས་རྗེས་དེད་དེ་པ་ཀིས་ཐན་དང་ཨཕ་ག་ནིས་ཐན་ས་མཚམས་ལ་བགྲོད་པའི་སྐབས་ལམ་ལ་ཁ་ཆེ་དྲག་སྤྱོད་པའི་འཇིགས་སྣང་གི་མྱོང་ཚོར་འདིས་ཞོན་ཙང་གི་ལམ་བཞུགས་སྐབས་ཀྱི་གནས་སྟངས་ལ་འགྲན་ཐུབ་ཀྱི་འདུག།
གལ་ཆེའི་གནས་ཚུལ་ཁག
དེབ་འདིའི་ནང་ཞོན་ཙང་རྒྱ་གར་ན་ལེནྡྲར་བཞུགས་ནས་ལོ་ལྔའི་རྗེས་རྒྱ་གར་ལྷོ་ཕྱོགས་སུ་སྐོར་བསྐྱོད་ཕེབས་པ་ཡང་འདིའི་ནང་ལ་གསལ་འདུག་ལོ་རྒྱུས་དེ་དག་ཡོངས་གྲགས་ཤིག་ནས་རྙེད་པར་དཀའ་བ་ཡིན།
མཐར་ཁོང་རང་ཡུལ་ལ་ལོག་ཕེབས་ནས་ཐང་རྒྱལ་པོ་ཏའི་ཙུང་མཇལ་ནས་སྐབས་དེ་དུས་རྒྱ་ནག་རང་གི་གདོད་མའི་ཆོས་ལུགས་confucius ལྟ་གྲུབ་པའི་བར་གྱི་འགལ་ཟླ་དང་། དེའི་རྐྱེན་ལས་ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཏའི་ཙུང་ནས་ཡོངས་གྲགས་སྦས་སྐུང་མེད་པར་ངོས་ལེན་གནང་ཐུབ་དང་མི་ཐུབ་ཀྱི་ཆབ་སྲིད་ཡོ་ལངས་ནང་ནས་མཐར་ཞོན་ཙང་རང་གི་ཤེས་ཡོན་མཁན་རྒྱས་ནུས་པས་ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཏའི་ཙུང་ནང་པར་བསྒྱུར་བ་དང་། རྒྱལ་པོའི་རམ་འདེགས་འོག་རྒྱ་གར་འཕགས་ཡུལ་ནས་བསྣམས་ཕེབས་པའི་ཕྱག་དཔེ་པོད་གྲངས་དྲུག་བརྒྱ་ལྷག་རྒྱ་སྐད་དུ་སྒྱུར་བའི་མཐུན་རྐྱེན་བསྒྲུབས་འདུག།
དེ་ནི་རྒྱ་ནག་ཡོངས་ནང་པར་བསྒྱུར་བའི་ནང་པའི་རྒྱལ་ཁབས་ཤིག་གི་ངོ་བོ་ལ་གནས། དེ་ནི་ཞོན་ཙང་གི་སྐུ་ཚེ་ནང་གི་བྱས་རྗེས་ཆེ་ཤོས་ཡིན་པ་དེབ་འདི་ནས་ཤེས་ཐུབ་པ་བྱུང།
རང་ཉིད་ཀྱི་ཉམས་མྱོང་།
དམིགས་བསལ་དེབ་འདི་ནས་༼བྱེ་མ་ཀ་ར་Sugar༽ མིང་ཐོགས་ཚུལ་དང་འབྱུང་ཁུངས་ཀྱི་ལོ་རྒྱུས། ཏུན་ཧོང་གི་གནས་བཤད། ཡུལ་ལྗོངས་ངོ་སྤྲོད། དེ་བཞིན་ནང་པའི་གནས་མང་པོ་ཞིག་ལ་གནད་འགག་ཆེན་པོས་དཔྱད་པ་མཛད་ནས་ཟིན་ཐོ་བཀོད་གནང་འདུག།
དེབ་འདིའི་ནང་ཞོན་ཙང་གི་དབུ་ཐོད་ཕྱི་ལོ་༡༩༥༧་ལིར་༧གོང་ས་མཆོག་བརྒྱུད་ནས་རྒྱ་གར་དབུས་གཞུང་ལ་རྒྱ་ཀར་ནག་གཉིས་ཆོས་འབྲེལ་དམ་འབྲེལ་ཡོང་ཆེད་ཕུལ་གནང་ཡོད་པའི་གནས་ཚུལ་འདི་བཞིན་སྔ་ལོ་གུས་རང་ཉིད་རྡོ་རྗེ་གདན་ལ་གནས་སྐོར་སྐྱོད་སྐབས་ཉེ་འཁོར་ན་ལེནྡྲར་གནས་མཇལ་ལ་འགྲོ་དུས། ཉེ་འགྲམ་གླ་འཁོར་འཁོར་ལོ་གསུམ་པ་ (Tempo) ནས་སྐར་མ་༡༠ སོང་མཚམས་སུ་ཞོན་ཙང་ལྷ་ཁང་དང་འགྲུལ་ཁང་བཞེངས་དང་བཞེངས་བཞིན་པ་ནས་ལྷ་ཁང་དངོས་སུ་གྲུབ་ཚར་ཙམ་ཞིག་མངོན། ལྷ་ཁང་མཇལ་བའི་སྐབས་ལྷ་ཁང་ལྟ་སྐྱོང་བ་རྒྱ་གར་ཞིག་གི་ལྷ་ཁང་གི་ནང་རྟེན་གཙོ་བོ་ཞོན་ཙང་གི་དབུ་ཐོད་ཡོད་པ་དང་དབུ་ཐོད་འདི་༧་གོང་ས་མཆོག་གི་བརྒྱུད་ནས་རྒྱ་གར་དབུས་གཞུང་ལ་ཕུལ་ཡོད་པ་གནས་བཤད་བྱས་སོང།
རང་ཉིད་ཀྱི་བསམ་ཚུལ་དང་ཚོར་སྣང་།
རང་ཉིད་ལ་དམིགས་བསལ་ཡིད་དབང་འཕྲོག་པ་ཞིག་ནི་འདི་དེབ་འདིའི་ཁ་བྱང་འདི་ཡིན། དེབ་འདི་ཀློག་པའི་སྐབས་དེབ་འདིའི་མིང་བྱང་ལ་དོ་སྣང་དམིགས་བསལ་གང་མ་བྱུང་ཡང་མཐའ་མཚམས་ལ་སླེབས་པའི་སྐབས་བཙུན་པ་ཞོན་ཙང་རང་གནས་ནས་རྒྱ་གར་འཕགས་པའི་ཡུལ་བར་ལེ་དབར་སྟོང་ཕྲག་ལྔ་བཅུའམ་མི་ལི་ཁྲི་གཅིག་གོམ་བགྲོད་བྱས་པའི་ལམ་ཡིག་འདི་དེབ་འདིའི་བརྗོད་བྱ་ཡོངས་སུ་རྫོགས་པ་ཤུགས་བསྟན་ལ་སྟོན་འདུག། མཚམས་སྤྲིན་བྲལ་བའི་ལེ་དབར་ཁྲི་གཅིག་མའི་འགྲུལ་བཞུད། ཞེས་པའི་མིང་བྱང་ལ་ད་གཟོད་གོ་བ་རྙེད། དེ་ནི་ཧ་ཅང་གི་བློ་ལ་བབ་པ་གཅིག་བྱུང་།
དཔེ་དེབ་འདི་ནས་ངོས་ལ་ཚོར་སྣང་ཇི་བྱུང་ཞུས་ན། དེབ་འདི་ཀློག་པའི་བརྒྱུད་རིམ་ནང་རང་ཉིད་ཡང་ཞོན་ཙང་ངམ་དེབ་རྩོམ་པ་པོ་སུན་ཤུ་ཡུན་མཉམ་ཏུ་འགྲུལ་བཞུད་བྱེད་ཀྱིན་ཡོད་པ་ལྟ་བུའི་ཚོའི་ཀློང་ནང་ལྷུང་།
མཐའ་བསྡོམས།
དཔེ་དེབ་འདི་ནི་ནང་པ་སྤྱི་དང་ལྷག་པར་རྒྱ་དཀར་ནག་གི་ལོ་རྒྱུས་ལ་དོ་སྣང་ཡོད་དོ་ཅོག་གིས་ཀློག་དགོས་ངེས་ཀྱི་དེབ་ཞིག་རེད་འདུག། དེབ་འདི་ནས་ང་རང་ལ་ཉམས་མྱོང་དང་ཤེས་བྱ་མང་དག་ཅིག་བྱུང་བ་མ་ཟད། འདི་བཀླགས་པའི་བརྒྱུད་རིམ་ལས་ཐང་རྒྱལ་རབས་ཀྱི་དཔལ་ཡོན་དང་ལོ་རྒྱུས་ལ་རྒྱུས་ལོན་གང་འཚམས་བྱུང་། བཙུན་པ་ཞོན་ཙང་གིས་དཀའ་སྤྱད་སྙིང་རུས་ཀྱི་བྱས་རྗེས་དེ་ལས་རང་ཉིད་ལ་སློབ་གསོ་མང་དག་ཅིག་བྱུང་བ་དང་། དེབ་འདི་བཀླགས་ཟིན་པའི་རྗེས་ཞོན་ཙང་ལམ་ཡིག་ལ་དམིགས་བསལ་གྱི་གོ་རྟོགས་འཕེལ་བ་དང་ངེས་ཤེས་རྙེད། དུས་རབས་དྲུག་པའི་རྗེས་བདུན་པའི་འགོ་ནས་བཟུང་དུས་རབས་ཉེར་གཅིག་བར་གྱི་ཡུལ་ལུང་གི་འགྱུར་ལྡོག་ས་དཔྱད་རིགས་པའི་ཐ་སྙད་ཀྱི་འགྱུར་ལྡོག་ད་ལྟའི་གནས་སྟངས་སོགས་ར་འཕྲོད་གསལ་པོ་བྱུང་བ་ནི་དགེ་མཚན་ཆེ་བའི་འགུལ་རིས་གློག་བརྙན་ཞིག་བལྟས་པ་ལྟར་གྱི་ཚོར་སྣང་བྱུང་།