དྷེ་ར་དྷུན་ལ་བགྲོད་པའི་ལམ་ཡིག།
ཐོག་མར་དྷེ་ར་དྷུན་མིང་འགྲུབ་ཚུལ། ཡུལ་སྐད། [དྷེ་ར་]དང་སམ་ཏྲི་ཏའི་ཚིག་[དྷྲོན་]གཉིས་བསྡུས་ཀྱིས་རྗེས་གྲུབ་གྱི་མིང་ཞིག་སྟེ། དྷེ་ར་གོ་དོན་ནི་རོང་ས་ཆུ་གཞུང་འདུས་པའི་དམའ་ས། དེ་ཡང་རྒྱ་གར་བྱང་ཕྱོགས་རི་བོ་ཧི་མ་ལའི་ལ་མཇུག་མངའ་སྡེ་ཨ་ཏར་ཁནྡ་ནང་གི་རྫོང་ཆེས་ཤོས་ཤིག་ཡིན།
དེ་ཡང་དྷེ་ར་དྷུན་གྱི་མིང་གི་རྒྱབ་བྱུང་ཡིག་ཚང་ནང་རྒྱའི་བཙུན་པ་ཐང་སེན་གནས་འདིར་ཞབས་ཀྱིས་བཅགས་ཡོད་འདུག ཁོང་གི་ལམ་ཡིག་ནང་གནས་འདིའི་མིང་[སུ་དྷ་ན་ག་ར་]་Sudhanagara འཁོད་ཡོད་པར་བཤད།
དུས་ཀྱི་གྱུར་འགྲོས་ཀྱིས་ལུང་པའི་མིང་གི་སྒྲ་དང་མིང་དོན་ཡང་གྱུར་ཏེ་་མིང་འདོགས་ཚུང་འགའ་ཡིག་ཆ་དང་ཁ་རྒྱུན་ནང་འདུག ད་ཆ་དྷེ་ར་དྷུན་ཡོངས་སུ་གྲགས། མིང་འདི་ངས་ཚོད་དཔགས་བྱས་ན་དུས་རབས་༡༧་ཡས་མས་ཤིག་ལ་ཡོངས་གྲགས་ཆགས་པ་མིན་ནམ་སྙམ། དུས་རབས་དེའི་སྐབས་ལ་སིག་ཆོས་ལུགས་ཀྱི་གུ་རུ་བདུན་པའི་སྲས་ཆེ་བ་[རམ་རཡི]་ཆོས་ཕྱོགས་ཀྱི་མཛས་འཕྲིན་སྐྱོང་པའི་སྐབས་གནས་གང་སར་གནས་སྐོར་བའི་ཚ་ཕོག་རྒྱབ་སའི་གནས་གཞིས་བཙུགས་པའི་གནས་ས་ལ་[དྷེ་ར]་ཞེས་ཐ་སྙད་འདོགས་པས་དྷེ་ར་ཞེས་སྤྱི་མིང་ལ་གྱུར་བར་སེམས།
རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤྱི་སྤྱོད་རླང་འཁོར་འབབ་ཚུགས་ISBT Delhi ནས་དྷེ་ར་དྷུན་་ISBT Derahdun བར་བགྲུད་ལམ་ཆུ་ཚོད་༥་ནས་༦་བར་ལམ་ཐག་འདུག
ཅི་སྟེ་དྷེ་ར་དྷུན་ལམ་ཡིག་གལ་ཆེན་ཡིན་ནམ་ཞེས་ན། གནས་འདི་ནི་ནང་པ་དང་ཕྱི་པ་གཉིས་ཆའི་་གནས་ཆེན་བརྒྱ་ཕྲག་གི་གནས་སྒོ་ལྟ་བུ་ཡིན། གནས་འདི་ན་ང་ཚོའི་བོད་རྒྱུད་ནང་བསྟན་གྱི་བྱེས་ཀྱི་གདན་ས་མང་པོ་ཞིག་ཆགས་ཡོད། གདན་ས་གཙོ་ནོ་ཁག་ས་སྐྱའི་གདན་ས་ཆེན་མོ། ས་སྐྱའི་མཐོ་སློབ་ཆེན་མོ། ས་སྐྱའི་ཁྲི་འཛིན་གྱི་ཕ་བྲང་། ད་ལན་གུས་པའི་བགོད་བྱ་གཙོ་བོ་བྱེས་ཀྱི་གདན་ས་ཆེན་པོ་སྨིན་གྲོལ་གླིང་། བཀའ་རྒྱུད་ཆོས་སྐོར་གླིང་། དགེ་ལུགས་པའི་གདན་ས་བཀྲ་ཤིས་སྒོ་མང་བཅས་བོད་པའི་གཞིས་ཆགས་དོན་འགྲུབ་གླིང་གི་ཆགས་རབས་དང་ངོ་སྤྲོད་འགོད་པར་འདོད།
གོང་བཀོད་བྱེས་ཀྱི་གདན་ས་གསུམ་ལ་བགྲོད་པ་ལ་ཐོག་མར་མངའ་སྡེ་ཨ་ཏར་ཁནྡ་གྱི་རྫོང་གི་རྒྱལ་ས་དྷེ་ར་དྷུན་དེའི་ནང་གི་གྲོང་སྡེ་ཀེལེ་མེན་ཏྲོན་སླེབ་དགོས།
གྲོང་སྡེ་ཀེལེ་མིན་ཏྲོན་ནི་དྷེ་ར་དྷུན་རྒྱལ་ས་དཀྱིལ་མ་ནས་ཀི་ལོ་མི་ཏྲར་༣་མཚམས་ན་ཡོད། གྲོང་སྡེ་འདི་རྒྱ་གར་དམག་སའམ་དམག་གི་རྟེན་གཞིས་བྱས་པའི་གྲོང་པ་ཞིག་ཡིན་པའི་ངོས་འཛིན་ཡོད། དེའི་ནང་ནས་བོད་པའི་གཞིས་ཆགས་སུ་བགྲོད་པ་ལ་ཡུལ་མིང་ངོས་བཟུང་དགོས་པས་གཞིས་ཆགས་འདི་ལ་ཡུལ་མི་སྤྱིས་མིང་ངོས་འཛིན་པའང་ངོ་ཤེས་པ་ནི་[ཀེལི་མིན་ཏྲོན་བུ་དྷ་ཏེམ་པལ]ལམ་[ཀེལེ་མིན་ཏྲོན་ཏིབ་ཏི་ཀོ་ལོ་ནི]བོད་པའི་མིང་[དོན་ལྡན་གླིང་གཞིས་ཆགས] བཅས་བརྗོད་ན་སྟབས་བདེས་ངང་ནས་དེར་སླེབས་ཐུབ། ཡིནའང་བོད་པའི་མིང་དོན་ལྡན་གླིང་མིང་ཤེས་པར་དཀོན།
འདི་བར་སྤྱི་བཤད་ཙམ་གྱི་ཐུད་པར་བགྱིས།
ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་གུས་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་སྤྱི་སྤྱོད་རླགས་འཁོར་འབབ་ཚུགས་ISBT Delhi་ནས་ཨུ་ཏར་ཁནྡ་རྒྱལ་ས་དྷེ་ར་དྷུན་ལ་ISBT Derahdun་བར་དྲྭ་རྒྱ་ནས་འཛིན་བྱང་ཧིན་སྒོར་༦༠༤་ཉོས་ཏེ་ཆས། ལམ་བར་ཆ་ཚོད་ལྔ་དྲུག་འགོར་སོང་། ISBT Derahdun ནས་ཀེལེ་མན་ཏྲོ་བོད་པའི་གཞིས་ཆགས་བར་མོ་ཏྲ་ཆུ་བ་འཁོར་ལོ་གསུམ་ཅན་ཏྲེམ་པུ་ནང་ཆུ་ཚོད་སྐར་མ་༣༠་ནས་༤༠་ཡས་མས་ཐོག རིན་གོང་སྒོར་༡༠༠་ཙམ་གནས། གཞུང་སྒོ་མཚམས་ཀྱི་ལམ་ཆེན་འདིའི་མིང་ལ་[ན་ཡ་བས་ཏི་]གྲགས།
ལག་གཡོན་ཕྱོགས་ལ་དམག་སའི་ལྕགས་རའི་ས་མཚམས་དང་གཡས་ཕྱོགས་ན་བོད་པའི་གཞིས་ཆགས་ཀྱི་ས་མཚམས་ཀྱི་ངོ་བོ་ཁང་ཆེན་ཚོང་ཁང་ཁ་ལམ་ཕྱོགས་ལས་གཏད་ནས་བསྟར་བསྒྲིགས་ནས་འདུག བོད་པའི་གཞིས་ཆགས་ལམ་ཆེན་འདི་ནས་ནུབ་ཀྱི་ཕྱོགས་ན་ཆགས་འདུག ལམ་ཆེན་དཀྱིལ་མ་ན་བོད་བཟོའི་རང་བཞིན་གྱིི་གཞུང་སྒོ་ཆེན་པོ་ཞིག་རྒྱ་སྒོའི་ཀ་ཆེན་གཡས་གཡོན་གཉིས་ལ་གཞིས་ཆགས་ཀྱི་འཛུགས་སྐྲུན་ལོ་རྒྱུས་རྡོ་ལ་བཀོད་ནས་སྐད་གཉིས་དབྱིན་ཇི་དང་བོད་ཡིག་ཐོག་ནས་མཇལ་རྒྱུ་འདུག ཀ་ཆེན་སྟེང་གི་ཡིག་བྱང་ནས་གཞིས་ཆགས་ཀྱི་ལོ་རྒྱུས་གལ་ལ་གང་མཚམས་ཀྱི་ཤེས། རྒྱ་སྒོ་འདི་ནས་ཡར་འཛུལ་སྐབས་ལམ་གཡས་གཡོན་གཉིས་ཀར་བོད་མི་དང་རྒྱ་གར་ཡུལ་མིས་གཉེར་བའི་ཚོང་ཁང་ཟ་ཁང་སྟར་བསྒྲིགས་ནས་ཡར་མཐའ་མཚམས་བྱེས་ཀྱི་གདན་ས་བཀྲ་ཤིས་སྒོ་མང་གི་གྲྭ་ཚང་མ་བསླེབ་མཚམས་བར་འདུག ཡིནའང་ཚོང་ཁང་དེ་དག་གི་ཁང་བདག་ནི་བོད་མི་རང་ཡིན་འདུག
ཐོག་མར་དོན་འགྲུབ་གླིང་གི་གཞིས་ཆགས་ཀྱི་བཀོད་པ་ནི་འདི་ལྟར་སྣང་། གཞིས་ཆགས་འདི་གྲོང་གི་འཆར་གཞི་ལ་ཡིད་རངས་མངགས་བརྗོད་ཞུ་དགོས་པར་སེམས། གཞིས་ཆགས་ཀྱི་གྲོང་སྡེ་ཡོངས་སུ་སྲང་ལམ་དབྱིན་ཇིའི་གསལ་བྱེད་ཨེ་བྷི་སི་ནས་མིང་འདོགས་གནང་འདུག འགྲོ་ཕྱོགས་དང་ངོ་འཕྲད་པ་སྟབས་བདེ་པོ་བཟོས་འདུག གཞུང་སྒོ་འདི་འཁོར་ལམ་A་B་ནས་ཡར་ཤར་ཕྱོགས་ནས་འཁོར་ལམ་རྒྱུད་དེ་ཤར་མར་བསྐྱོད་ན་ཤར་ཕྱོགས་ནགས་ཀྱི་མཚམས་ན་བྱེས་ཀྱི་གདན་ས་བཀྲ་ཤིས་སྒོ་མང་མཇལ། ད་ལྟ་འགྲོ་བཞིན་པའི་འཁོར་ལམ་འདི་སྲང་ལམ་མིང་གཡས་ལ་ཨེ་དང་གཡོན་ལ་བྷི་ཞེས་ངོས་འཛིན་དགོས། སྲང་ལམ་དེ་ནས་ཡར་ལམ་དེད་ནས་གོམ་པ་འགའ་ཤས་གཡས་ཕྱོགས་མཚམས་ན་སྲང་ལམ་F་LANE་གཡས་དང་གཡོན་ལ་ཁང་ཁྱིམ་དཔུས་ལེགས་པ་མང་ཆེ་བ་ཐོག་ཉིས་བརྩེགས་ཤ་ཏག་སྟར་བསྒྲིགས་འདུག
དེའི་མཐའ་ལ་སྒོ་ར་ཞིག་གི་ནང་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁང་པའི་མདོག་སེར་པོ་ཐོག་ཉིས་བརྩེགས་ཅན་མ་ཞིག་དང་ཐོག་གཅིག་མ་ཞིག་མདུན་ཐང་ཞལ་ལ་ལེབ་མོ་བཏིང་བའི་པོ་ལོ་རྩེ་ཐང་འདུག དེ་ནས་མར་ལོག་ལམ་གཡས་ཕྱོགས་ལ་བོད་ཀྱི་བུད་མེད་ཚོགས་པའི་ཡིག་ཚང་ཁང་པ་ཐོག་གཅིག་མ་དེང་དུས་ཁང་པ་དཔུས་ལེགས་མ་ཞིང་འདུག དེའི་མཚམས་རྩིགས་མཚམས་འབྲེལ་ནས་ས་སྟོང་རྒྱ་ཆེན་པོ་ཞིག་སྒོ་ར་བསྐོར་ནས་ཡ་ང་བ་ཞིག་ལྷག་ནས་འདུག་འདི་བོད་ཀྱི་ས་གནས་གཞོན་ནུ་ཚོགས་པའི་ས་ཆ་ཡིན་པ་མདུན་གྱི་རྩིགས་ངོས་ཡིག་བྱང་ནས་ཤེས།
ད་སླར་སྲང་ལམ་ཨེ་བྷི་ནས་ཡར་དེད་ནས་གོམ་པ་འགའ་ཤས་ཀྱི་གཡས་ཕྱོགས་ན་སྨིན་གྲོལ་གླིང་གི་ཐོན་སྒོ་བོད་བཟོའི་མཛེས་རྒྱན་སྤྲད་པ་སྒོ་ཆེན་དམར་པོ་ཞིག་འཇལ། དེ་ནས་ཡར་སྲང་ལམ་ཨེ་བྷི་དེ་རང་ན་ཚོང་ཁང་འགའ་ཤས་ཀྱིས་བར་ཆོད་དེ་སོང་ན་འབྲུག་པ་བཀའ་རྒྱུད་ཀྱི་བྱེས་ཀྱི་གདན་ས་ཆོས་འཁོར་གླིང་གི་ལྕགས་ཀྱི་རྒྱ་སྒོ་མཇལ། འཁོར་ལམ་འདིའི་ཁ་སྤྲོད་ལ་བོད་པ་ཚོ་ཀྱ་ཀ་གླེང་ཀ་བྱེད་ས་ཇ་ཁང་རྙིང་པ་ཞིག་ཡོད། དེར་ཇ་འཐུང་ལ་སོང་ན་གཞིས་ཆགས་ཀྱི་བོད་མི་རྒན་གཞོན་བར་མ་མང་ཆེ་བ་དེ་ན་ཐུག
འབྲུག་པ་བཀའ་རྒྱུད་ཆོས་འཁོར་གླིང་གི་གནས་བཤད་ཟུར་ཏུ་འཆད་པར་བྱ།
དེ་ནས་སླར་སྲང་ལམ་ཨེ་བྷི་དེད་ནས་སོང་ན་གཡས་ཕྱོོགས་ལ་སྨིན་གྲོལ་གླིང་གི་འགྲོན་ཁང་དང་ཚིགས་ཇ་ཚོང་ཁང་ཡོད། དེའི་གཡས་ཕྱོགས་ནས་བསྐྱོགས་ན་སྨིན་གྲོལ་གླིང་གི་འཛུལ་སྒོ་རྒྱ་སྒོ་ཆེན་པོ་སྒོ་སྲུང་གོས་ནམ་མཁའི་མདོག་ཅན་བརླུབས་པའི་སྒོ་སྲུང་བ་རྒྱ་གར་འགས་བསྲུངས་ནས་འདུག དེ་བཞིན་སྨིན་གྲོལ་གློང་གི་གནས་བཤད་ཟུར་ཏུ་འཆད་པར་བྱ།
སླར་སྨིན་གྲོལ་གླིང་གི་འཛུལ་སྒོ་སྲང་ལམ་དེད་ནས་ལོག་ལམ་གཡས་ཕྱོགས་ན་བཀའ་རྒྱུད་ཆོས་འཁོར་གླིང་གིས་བཞེངས་པའི་སྟོན་པའི་སྐུ་དྲ་ཐོག་ཚད་ཕིཏ་༡༡༠་ཡོད་ཞིག་གོམ་པ་འགའ་ཤས་མཚམས་ན་མཇལ། དེ་བཞིན་དེའི་གནས་བཤད་ཟུར་ཏུ་འགྲེལ།
དེ་ནས་མར་ལམ་དེད་ནས་སྔོན་གྱི་སྲང་ལམ་ཨེ་བྷི་ལ་བསླེབས། དེ་ནས་སླར་སྲང་ལམ་ཨེ་བྷི་དེད་ནས་ཡར་ཤར་ཕྱོགས་ནས་གོམ་པ་འགའ་ཤས་སོང་ན་གཡོན་ཕྱོགས་ལ་ས་གནས་གཞིས་ཆགས་ཀྱི་ལས་ཁུངས་འདི་འདུག ལམ་མདུན་རང་ལ་རྒྱ་སྒོ་ཆེན་པོ་དོན་འགྲུག་གླིང་་བོད་ཡིག་དང་དབྱིན་ཇི་གཉིས་ཀས་མིང་བྱང་འཁོད་་པའི་རྒྱ་སྒོ་ལྕགས་ཀྱི་སྒོ་གཡས་ཕྱོགས་དང་གཡོན་ཕྱོགས་ཅན་མ་ཞིག་ནང་ལས་ཁུངས་དང་གཞིས་ཆགས་ཀྱི་ཚོགས་འདུག ལས་ཁུངས་ཀྱི་མདུན་ཐང་གི་ཡས་ཟུར་ཞིག་ལ་རྡོ་ཀ་མ་རུ་པས་བཟོས་པའི་རྡོ་སྐུ་དཀར་པོ་མི་ཚད་ལོང་བ་ཡར་བཞེངས་མ་ཞིག་མཇལ་འདི་ནི་ཨཅར་ཡ་ཝི་ནོ་བྷ་ཝིའི་འདྲ་སྐུ་ཡིན་པ་འོག་གི་རྡོ་བཀོད་ཡིག་བྱང་ནས་གསལ། དམ་པ་ཁོག་གི་རྒྱས་བཤད་འོག་ལ་འཆད་།
དེ་ནས་ཡར་ཁ་ཐུག་སོང་ན་གོང་སྨོད་ལྟར་ནགས་ཀྱི་མཚམས་ལ་བཀྲ་ཤིས་སྒོ་མང་གི་དགོན་པ་ཡོད།
གུས་ད་ལྟ་འགྲོ་བཞིན་པའི་འཁོར་ལམ་འདི་ལས་ཁུངས་ཀྱི་རྒྱབ་ཕྱོགས་ནས་གཞིས་ཆགས་ཀྱི་སློབ་གྲྭ་དང་རྒན་གསོ་ཁང་ལ་བགྲོད་པའི་་སྲང་ལམ་འདི་ཡིན། དེ་ནས་གོམ་པ་འགའ་ཤས་མཚམས་ན་གཞིས་ཆགས་ཀྱི་སློབ་གྲྭ་ཡོད། སློབ་གྲྭའི་རྒྱ་སྒོའི་གཡས་ཕྱོགས་ཁ་སྤྲོད་ན་མི་དམངས་བསང་གསོལ་བཙན་ཁང་། ཕྱི་ས་ཕག་གིས་ར་བ་བསྐོར་བ་མདུན་ཐང་ཞིག་གི་ཟུར་ཞིག་ལ་བོད་པའི་བཟོ་བཀོད་ཀྱི་བརྒྱན་པ་གསང་ཐབ། དེའི་ཁོ་ར་འཁོར་ཡུག་ལ་རླུང་རྟ་དར་ལྕོགས་རླུང་གིས་ལྷབ་ལྷབ་གཡོ་བ་མཇལ།
སྲང་ལམ་འདི་དེད་ནས་གོམ་པ་འགའ་ཤས་ཤར་མར་སོང་ན་ས་སྟོང་རྒྱ་ཆེན་པོ་ཞིག་གི་མཚམས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒན་གསོ་ཁང་རྒྱ་ཆེན་པོ་རང་མེད་པ་ཐོག་ཉིས་རྩེགས་ཅན་མ་ཁང་པ་དམར་པོ་ཞིག་མཇལ། མདུན་གྱི་ཐང་ཆེན་ས་སྟོང་འདི་ལ་ཁང་པ་རྒྱ་ཆེན་པོ་ཞིག་ཨོ་བོ་རྒྱབ་བཞིན་པའི་སྒང་རེད་འདུག གུས་པ་དུས་ཀྱིས་རྐྱེན་པས་རྒན་གསོ་ཁང་ནང་ཡར་འཛུལ་རྒྱུ་མ་འབྱུང་། རྒན་གསོ་ཁང་གི་མདུན་གྱི་ཕྱི་སྒོའི་མཚམས་ལ་རྒྱ་གར་དབུས་མ་མགྷ་དའི་ཡུལ་མི་བྷི་ཧ་རི་ཨ་མ་འགའ་ཕྲུ་གུ་པང་ལ་གཉར་ནས་ཉི་མ་གསོ་བཞིན་མཐོང་། རྒན་གསོ་ཁང་འདིའི་རྒྱབ་གཞིས་ཆགས་ཀྱི་ས་མཚམས་ཤིང་ནགས་ལ་རྟེན་འདུག དེའི་རྒྱབ་ཤིང་ནགས་སྟུག་པོ་འཆམ་འཆམ་འགྲོ་ས་ཡིད་འཕྲོ་བ་ཤིང་ནགས་སྐྱིད་པོ་ཞིག་འདུག
ས་མཚམས་དེ་ནས་ཡར་ཤར་གྱི་ཕྱོགས་ལ་སོང་ན་ཤིང་ནགས་ལ་ཁ་ཕྱོགས་པའི་གྲོང་སྡེJ་ཡིན། དེང་དུས་ཀྱི་བཟོ་བཀོད་བརྒྱན་པའི་ཁང་པ་དཔུས་དག་ཕལ་ཆེར་ཐོག་ཉིས་བརྩེགས་ཤ་ཏག་འདུག གྲོང་སྡེ་J་འདི་ཁོར་ཡུག་གིས་ཆ་ནས་་སྐྱིད་ཤོས་ནང་གི་སྐྱིད་ཤོས་རེད་འདུག
དེ་ནས་སླར་སྲང་ལམ་I་དང་སྲང་ལམ་H་གཉིས་ཀྱི་ལམ་སྣེ་བསུས།
སྲང་ལམ་I་དང་H་ལམ་དེད་ནས་ཡར་ཤར་གྱི་ཕྱོགས་ལ་གོམ་པ་འགའ་ཤས་སོང་ན། སྲང་ལམ་G་ཕྲེད་ལ་བཅད་ནས་ཆགས། དེ་ནས་བྱང་ཤར་ཕྱོགས་ལ་ཁ་ཕྱོགས་ནས་སོང་ན་གོམ་པ་འགའ་ཤས་མཚམས་ན་ལག་གཡོན་གྱི་ཟུར་ལ་གཞིས་ཆགས་ཀྱི་མཐུང་ཆུ་ཆུ་མཛོད་ཆེན་པོ་ཀ་བ་བཞིས་བསྟེགས་པའི་མཐོ་ཚད་གཞིས་ཆགས་ཀྱི་ཁང་པའི་ཐོག་ཚད་ལ་གཞིགས་ན་ཐོག་བཞི་ལྔ་ལས་ཉུང་བ་མིན་འདུག གནའ་དུས་ཆུ་མཛོད་རྗོད་ཚེ་ས་འོག་ཁྲོམ་པའམ་མཚོ་ཆུང་དཀྱིལ་བ་ཞིག་སྣང་བ་འཆར། ད་ལྟ་རྒྱ་གར་ལུང་པ་ཕལ་མོ་ཆེ་ལ་་ཆུ་མཛོད་ནི་ཀ་བ་རིང་པོས་བཏེགས་ནས་ནམ་མཁར་དཔྱང་པ་ཤ་ཏག་མངོན།
འདིའི་རྣམ་པའང་རམ་ན་ཡའི་སྒྲུང་ནང་གི་ཧ་ནུ་མན་གྱི་ཕྱག་མཚན་གྷ་དྷ་ཏོག་ཟླུམ་པོ་འཇུ་བྱེད་ས་ལ་བཙུགས་པ་ལྟ་བུ་མངོན།
འདིའི་མདུན་རྩིགས་ངོས་ལ་ཡིག་བྱང་ཞིག་གི་ངོས་ལ་ཆུ་མཛོད་འདི་[ནི་ཐར་ལེན་ཏྲ་]ཡིས་སྦྱིན་དག་བྱས་ནས་བསྐྲུན། དེའི་་ཟུར་ཤིག་ནས་བསྐྱོགས་ན་སྲང་ལམ་K་ལ་ཐུག་སྲང་ལམ་K་འདི་ད་ལྟ་ཡར་རྒྱས་དེ་ཙམ་ཕྱིན་མིན་འདུག སྲང་ལམ་K་ན་ཁང་པ་རྒྱལ་ཁང་འདྲ་པོ་རྫིག་པོ་ཞིག་འདུག་འདི་གཞིས་ཆགས་ཀྱི་སྨན་པ་ལགས་ཀྱི་སྡོད་ཁང་ཡིན་འདུག དེའི་སྒོ་ར་མདུན་ཕྱོགས་ནི་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ས་མཚམས་ལ་ཐུག་འདུག ཨེམ་ཇི་ལགས་ཀྱི་ཁང་པའི་གཞོགས་གཅིག་ལ་ས་གནས་གཞིས་ཆགས་ཀྱི་གཞུང་གི་ཁང་པ་ཐོག་ཉེས་རྩེགས་ཅན་མ་ཕལ་ཆེར་ཤག་ཉིས་ཤུ་རྩ་གྲངས་ཤིག་སྐྱུས་གཅིག་ལ་སྟར་བསྒྲིགས་ནས་འདུག དེ་ནས་སླར་སྲང་ལམ་G་ནས་ཤར་མར་སོང་ན་གཡས་ཁང་པ་རྫིག་པོ་སྟར་བསྒྲིགས་ནས་ཡོད་པ་སྨོད་མེད་བྱས། གཡོན་ཕྱོགས་ན་སྲང་ལམ་Cདང་ཁ་སྤྲོད་D Eདང་ཁ་སྤྲོད་Fནུབ་ཕྱོགས་་ལ་སྐྱུས་མར་འདུག མུ་མཐུད་ནས་སྲང་ལམ་G་རང་ན་གོམ་པ་འགའ་ཤས་སོང་ན་སྔོན་གྱི་སྲང་ལམ་A་དང་B་ལ་སླེབས། དེ་མཚམས་ན་གཡོན་ལ་ཕྱོགས་ན་བྱེས་ཀྱི་གདན་ས་བཀྲ་ཤིས་སྒོ་མང་གི་རྒྱ་སྒོ་ཆེན་པོ་ལ་སླེབས།
སྲང་ལམ་G་ཡི་མཇུག་སྲང་ལམ་AB་ལ་ཐུག། སྲང་ལམ་A་གཡས་ཕྱོགས་ལ་བཀྲ་ཤིས་སྒོ་མང་གི་རྒྱ་སྒོ་སྔོན་མཚམས་ལ་གནའ་བོའི་བཟོ་དབྱིབས་ཁང་པ་སེར་པོ་འབྲིང་ཙམ་ཞིག་ས་ཕོག་གིས་སྒོ་ར་བསྐོར་ནས་འདུག་འདི་ཀེལེ་མིན་ཏྲོ་གཞིས་ཆགས་ཆགས་འདེབས་མཁྱེན་གུང་ཐང་ཚུལ་ཁྲིམས་ཀྱི་ཟིམ་ཁང་རེད་འདུག དེའི་མདུན་ལ་སྲང་ལམ་ཞིག་གིས་བར་ཆོད་དེ་མདུན་ངོས་ལ་ལྕགས་རས་བསྐོར་བས་ཕྲུ་གུའི་རྩེ་མོ་རྩེད་ཆེས་གླིང་ཀ་ཆུང་ཆུང་དེང་དུས་རྩེད་ཆས་བརྒྱན་པ་ཞིག་གི་ནང་དམ་པ་ཁོང་གི་འདྲ་སྐུ་ཁང་སྟེང་ཐོག་ཤེལ་སྒྲོམ་ནང་མཇལ། ཤེལ་སྒྲོམ་འོག་་གི་སྟེགས་བུ་ཕྱོགས་གསུམ་ལ་ཁོང་གི་མཛད་རྣམ་འཁོད་འདུག མཛད་རྣམ་འདི་བཀླགས་པས་ཡིད་ལ་ཕང་སེམས་ཀྱིས་སེམས་པ་སྐྱོ་ལྷང་ལྷང་གིས་རྒྱ་སྒོ་ཕྱི་ལ་འབུད། སྲང་ལམ་འདི་རང་ནས་ཡར་བྱང་ཤར་ཕྱོགས་ལ་གོམ་པ་འགའ་ཤས་མཚམས་ན་ཡང་ལྕགས་ཀྱི་རྒྱ་སྒོ་ཆེན་སྒོ་ཉིས་ཅན་ཞིག་ནས་འགྲོ་ལམ་འདུག་འདི་ནི་རྒྱབ་ཤིང་ནགས་མཚམས་ཀྱི་སྨིན་གྲོལ་གླིང་གི་གྲུབ་ཁང་བྱིན་ཅན་ཞིག་དང་དེའི་རྒྱབ་ཕྱོགས་ན་ས་གནས་ཀྱི་དུད་ཁྲོད་གུ་ཡངས་པ་ཞིག་མཇལ་།
འདི་བར་ཀེལི་མིན་ཏྲོ་བོད་པའི་གཞིས་ཆགས་དོན་ལྡན་གླིང་ལ་རྐང་བགྲོད་གོམ་པས་ཆུ་ཚོད་སྐར་མ་༣༠་ནས་༤༠་བར་བཞལ་བས་གཞིས་ཆགས་ཀྱི་སའི་ཆགས་བབ་ལ་མྱོང་བ་ཡི་གེར་བཀོད་པའོ།
ད་གཞིས་ཆགས་ཀྱི་བྱུང་བ་དངོས་གླེང་ན་།
གཞིས་ཆགས་འདིའི་བྱུང་རབས་གླེང་བ་ལ་རྗོད་བྱེད་ཡིག་ཚང་། རྡོ་རིང་། ་ཡིག་བྱང་གི་ངོ་སྤྲོད་ཡིག་ཆ་སོགས་དང་ས་གནས་རྒྱུས་ཡོད་མི་སྣ་ལ་དྲིས་པའི་ལོ་རྒྱུས་ལ་གཞི་བཞགས་ནས་གང་ཤེས་གང་ཐོས་གང་མཐོང་དགོད་པར་བྱ།
གཞིས་ཆགས་ཀྱི་སའི་གནས་བབ་གོང་དུ་ཞུས་ཟིན་ཏེ་ཆགས་རབས་གླེང་ན་ཐོག་མར་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ལྔ་དགུའི་རྗེས་བོད་མི་ཡོངས་རང་ས་རྒྱ་མི་གུང་ཁྲན་གྱི་བཅོམ་སྟེ་ཞི་བདེ་བག་འཕེབས་ངང་གནས་པའི་བོད་མི་ཡོངས་སྦྲང་ཚང་ལ་རྡོ་འཕོག་པ་ལྟར་ཡུལ་གྱར་བའི་མི་ཚེ་ལས་དང་ལྟེས་དབང་གིས་རྒྱ་གར་འཕགས་པའི་ཡུལ་ལ་གྱར། དེ་ཡང་མང་ཆེ་བ་ཞིག་ནི་རྒྱ་གར་བྱང་ཕྱོགས་ལ་གྱར་ནས་མི་ཚེའི་མདུན་ལམ་གསུས། དེའི་ནང་ནས་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་མ་སུ་རི་ལ་ཞབས་བཅགས་ནས་བོད་པའི་གནས་སྐབས་ཀྱི་བཙན་བྱོལ་སྒྲིགས་འཛུགས་དབུ་བཙུགས་པའི་རྐྱེན་གྱི་བོད་མི་མང་དག་ཅིག་ས་གནས་འདིར་གཞིས་ཆགས།
དེའི་སྐབས་ཤིག་ལ་ཆིག་སྟོང་དྲུག་ཅུའི་ནང་བོད་མིའི་མཛད་གཙོ་རྣམ་པ་དང་༧གོང་ས་མཆོག་རྡོ་རྗེས་གདན་ལ་ཚོགས་ཆེན་ཞིག་འཚོགས་པའི་སྐབས་ལ་གཞིས་ཆགས་འཛུགས་སྐྲུན་བྱེད་པོ་དམ་པ་གུང་ཐང་ཚུལ་ཁྲིམས་མཆོག་ནས་༧གོང་ས་མཆོག་ལ་གཞིས་ཆགས་ཤིག་གཟུག་རྒྱུའི་དགོངས་འཆར་སྙན་སྒྲོན་ཞུས་པས་༧གོང་ས་མཆོག་ནས་བཞེས་བཞད་བཟང་མོ་ཐོབ། དེའི་རྒྱུད་རིམ་འོག་ཁོང་གིས་དྷེ་ར་དྷུན་ས་གནས་འགོ་དཔོན་རྒྱ་གར་བ་ཞིག་དང་འབྲེལ་འདྲིས་བྱས། ས་གནས་འགོ་དཔོན་ཁོང་གིས་ལམ་སྟོན་འོག་སྐབས་དེ་དུས་རྒྱ་གར་ནང་གི་་མཧྟ་མ་གྷན་དྷིའི་ལྟ་གྲུབ་པ་། སྤྱི་ཚོགས་ཞབས་ཞུ་བ་ཨཅར་ཡ་ཝི་ནོ་བྷ་ཝི་མཆོག་དང་མཇལ་འཕྲད་གནང་ནས་བོད་མིའི་དཀའ་ངལ་རྣམས་ཡར་ཞུས་པས་དམ་པ་ཨཅར་ཡ་ཝི་ནོ་བྷ་ཝི་མཆོག་ནས་ས་ཆ་རྒྱ་ཁྱོན་ཨ་ཀར་༡༡༠་རིན་མེད་ལ་ས་འབྱིན་གནང་། དེ་ནས་གུང་ཐང་ཚུལ་ཁྲིམས་མཆོག་ནས་ས་གནས་ཀྱི་བོད་མི་འགའ་བསྡུས་ནས་ཚོགས་པ་ཞིག་བཙུགས། ཚོགས་པ་འདིའི་མིང་བོད་མིའི་ནེ་རུ་དྲེན་རྟེན་ཚོགས་པ་ཞེས་མིང་གིས་ངོ་བོས་ཐོག་ནས་ཡུལ་འཁྲིམས་གཞིར་བཟུང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས།
རིམ་པས་བོད་མི་རྣམས་གཞིས་ཆགས་འདིར་ཡོང་འགོ་ཚུགས་པ་དང་གྲོང་གི་འཆར་གཞི་འདེབས། གྲོང་གི་འཆར་གཞི་ལ་བཞིགས་ན་ཧ་ལས་པའི་མི་འཇུས་མཁས་པ་ཞིག་ཡིན་པ་ངང་གིས་ཤེས། དམིགས་བསལ་ཁོང་གི་གྲོང་གི་འཆར་འགོད་ལ་བལྟས་ན་མི་ཧ་ལས་པའི་ཉམས་མྱོང་ཅན་ཤེས་ཡོན་ཅན་ཡིན་པ་སྨོད་མེད་འགྲེལ་བཤད་ཡང་འགྲེལ་མི་དགོས། ཁོང་གི་ལོ་རྒྱུས་དོར་བསྡུས་ཤིག་རྩེ་ཐང་ནང་གི་འདྲེན་རྟེན་འདྲ་སྐུའི་ངོས་་ཀྱི་ཡིག་བྱང་སྟེང་གང་འཁོད་འདིར་ཇི་མ་ཇི་བཞིན་བཀོད།
“བཀྲ་ཤིས་འཁྱིལ་གུང་ཐང་བླ་བྲང་གི་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་མདོར་བསྡུས་ནི།
ཕྱི་ལོ་༡༩༢༣་བོད་ས་བྱི་ལོར་བླ་བྲང་བཀྲིས་འཁྱིལ་གྱི་ཉེ་འཁོར་ཨ་མདོ་ཙ་ཡུས་ཞེས་ཡུལ་སྡེར་སྐུ་འཁྲུངས། བོད་དུ་རྒྱ་མིས་བཙན་གནོན་བྱས་ཏེ་༡༩༥༩་ལོར་༧གོང་ས་མཆོག་གི་དབུས་བོད་མི་ཁྲི་ཕྲག་དུ་མ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་ཁོང་ཉིད་ཀྱང་བཙན་བྱོལ་དུ་ཕེབས། ལོ་དེར་གནས་ཕྱོགས་རྡོ་རྗེ་གདན་དུ་ཆོལ་གསུམ་གཅིག་ཏུ་དྲིལ་ནས་༧གོང་ས་མཆོག་གིསྤྱན་སྔར་མནའ་གན་མཐུ་མོ་ཆེ་འཇོག་སྐབས་མདོ་མེད་མི་འཐུས་ཀྱི་ཁོངས་སུ་བཅར། རྡ་རམ་ས་ལར་བཙན་བྱོལ་གཞུང་གསར་འཛུགས་གནང་བའི་སྐབས་མདོ་སྨད་མི་མང་གི་སྤྱི་འཐུས་ཐེངས་དང་པོ་གནང་། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་གི་མ་འོངས་སྔོན་གཟིགས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱལ་རབས་རྣམ་ཐར་ཕྱག་སྲོལ་གསར་གཏོད་གནང་བ་དེ་དག་འཁྲབ་སྟོན་བྱ་རྒྱུའི་དུས་སྐབས་ད་ལམ་ཡིན་པ་འདྲ་དགོངས་ནས་སྒྲ་བྲོ་གཞུང་གསུམ་ཁུངས་ལྡན་ཤེས་མཁན་ཁ་ཤས་ཀྱིས་གཙོས་པའི་མདོ་སྨད་མི་གྲངས་༧༠་སྐོར་ལས་གྲུབ་པའི་ཨ་མདོ་ཟློས་གར་ཚོགས་པ་ཞེས་༡༩༦༠་བོད་ཟླ་༥་ཚེས་༡༥་འཛམ་གླིང་སྤྱི་བསངས་ཉིན་གསར་འཛུགས་བྱས་ཏེ་ཟླ་བ་དྲུག་རིག་སྦྱོང་བདར་བྱས་རྗེས་༧སྐྱབས་རྗེས་ཡོངས་འཛིན་གླིང་རིན་པོ་ཆེར་གཟིགས་འབུལ་ཞུས།
དེ་ནས་ཀ་ལི་ཀ་ཏ་དང་ལྡི་ལི།སྦོམ་སྦེ་སོགས་རྒྱ་གར་གྲོང་ཁྱེར་ཆེ་ཁག་གི་མི་མང་ལ་རྒྱལ་རབས་རྣམ་ཐར་སྤྱན་འབུལ་ཞུས་ཏེ་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཁྱབ་བསྒྲགས་སོགས་ཀྱི་མཛད་རྗེས་བླ་ན་མེད་པ་བཞག ༡༩༦༢་ལོར་༧གོང་ས་མཆོག་ལ་ཟློས་གར་གཟིགས་འབུལ་ཞུ་སྐབས་ཐུགས་དགྱེས་ཚོར་དང་བཅས་བཀའི་[ཡིག]ཕེབས་སྒོར[སྐོར] འདི་མུར་འགྲུལ་པ་ལྟ་བུའི་མི་ཡུལ་དུ་མི་ཚེ་འཁྱོལ་དཀའ་བས་གཞིས་ཆགས་ཞིག་[ཤིག]ཚུགས་ཞེས[ཤེས]གསུངས་པ་བཞིན་ར་ཇ་པུར་དུ་ནེ་རུ་རྗེས་དྲན་ཚོགས་པ་གསར་འཛུགས་གནང་། ལག་ནའུ་བཞུགས་པའི་རྒྱ་གར་གྱི་དཔོན་ཆེན་པོ་བི་ནུ་བ་སྦ་སྦའི་དྲུང་དུབཅར་ཏེ་ས་ཆ་སློང་པས་ད་ལྟའི་ཀ་ལེ་མེན་ཀྲོན་གཞིས་ཆགས་ཀྱི་ས་ཆ་འདི་ཡིག་ལ་དང་བཅས་བཀྲིན་སྩལ་བའི་སྟེང་མི་རིགས་ལ་དབྱེ་འབྱེད། ཆོས་ལུགས་ལ་ཕྱོགས་རིས་མེད་པར་ཆོལ་གསུམ་མི་ཚང་༣༠༠་སྐོར་ཀྱི་སྡོད་ཁང་དང་། དེ་མཚུངས་སློབ་གྲྭ སྨན་ཁང་། དགེ་དགོན་བཀྲིས་འཁྱིལ། རྙིང་དགོན་སྨིན་གྲོལ་གླིང་། དཀར་དགོན་བདེ་ཆེན་ཆོས་འཁོར་བཅས་ཡོད་པའི་གཞིས་ཆགས་ཤིང་དོན་འགྲུབ་གླིང་ཞེས་༧གོང་ས་ཆེན་པོས་མིང་ཡང་སྩལ། ༡༩༧༨་ཕྱི་ཟླ་༦་ཚེས་༡༦་དགོང་མོ་ཕུག་བསམ་མེད་པའི་མི་སྣ་དག་གིས་ལྐོག་མདའ་རྒྱབ་ནས་རྨས་རྐྱོན་ཚབས་ཆེན་བཟོས་པ་སྨན་བཅོས་རིམ་གྲོ་གང་གིས་མ་བརྟན་པར་ཚེས་༡༨་ཉིན་དགུང་གྲངས་༥༥་ཐོག་སྐུ་ཚེའི་འཕེན་པ་རྫོགས། དེ་ལྟའི་བཀྲིན་བརྗེད་ཐབས་བྲལ་བའི་གུང་ཐང་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་དྲན་རྟེན་དུ་༢༠༡༠་ཕྱི་ཟླ ཚེས ཉིན་བཞེངས།”
ད་ཆ་གཞིས་ཆགས་འདིར་ཡར་འཛུལ་ཡོང་བ་དང་ཕྱི་རྒྱལ་གྱི་རྒྱལ་ས་ཞིག་ལ་སླེབས་པ་འདྲ་པོ་ཞིག་ཚོར་སྣང་སླེབས། གཞིས་ཆགས་ཀྱི་འཛིན་སྐྱོང་ཡོངས་་ས་གནས་ནེ་རུ་དྲེན་རྟེན་ཚོགས་པས་གནང་གིས་ཡོད་འདུག ཚོགས་པ་འདི་གོང་ཞུས་ཟིན་ས་གནས་མི་དམངས་ཀྱི་འོས་འདེམས་བྱེད་པའི་མཐུས་མིས་ལས་འགན་གྲུབ་དང་འགྲུབ་བཞིན་པ་རེད་འདུག ས་ཆ་འདི་གཞིས་ཆགས་འདི་རང་གི་དེབ་སྐྱེལ་འོག་ལ་ཡོད་པའི་བོད་མི་རང་ལ་དབང་བ་དང་ས་བདག་ཡང་ས་གནས་ལ་ཡོད་པའི་བོད་མི་རྣམས་རེད་འདུག གཞིས་ཆགས་ལ་ཁང་ཁྱིམ་༣༠༠་ནས་༤༠༠་བར་ཡོད་ཚོད་འདུག
ས་གནས་གཞིས་ཆགས་ནང་གི་བོད་མིའི་གནས་སྟངས་དང་མི་དམངས་ཀྱི་མི་འཚོ་བ་སྐྱེལ་སྟངས།
ས་གནས་ཀྱི་བོད་མི་མང་ཆེ་བ་དགུན་ཚོང་གི་རྒྱ་གར་རྒྱལ་ས་ཁག་ལ་འགྲམས་ནས་ཚོང་ལས་བྱས། དབྱར་གཞུང་བོད་པའི་ལོ་གསར་མཚམས་ལ་ཡར་འཁོར་ནས་ལོ་གསར་བཏང་བ་སོགས་ས་གནས་གཞིས་ཆགས་ལ་བསྡད། དགུན་ཁ་ས་གནས་ལ་མི་འབོར་ཉུང་ཉུང་གཞིས་ཆགས་ཀྱི་སྒོ་ར་ཚང་མ་སྟོང་བསང་བསང་ཁ་ཁུ་སིམ་པོ་སྣང་། སྒོ་རའི་ཕྱི་ལ་འཁོར་ལམ་ལ་མི་ལས་སྤྲང་ཁྱི་མང་བ་འདུག སྤྲང་ཁྱི་དེ་དག་མི་རིགས་དབྱེ་འབྱེས་ཤེས་པའི་ཁྱི་ངན་་ཤ་ཏག་རེད་འདུག འཁོར་ལམ་ལ་རྒྱ་གར་བ་ཡར་འགྲོ་མར་འོང་སྐབས་ཟུག་པ་དང་རྨུག་འགྲབ་བྱེད་ཀྱི་བོད་པ་ལ་བྱེད་ཀྱི་མིན་འདུག། དེ་མིན་གཞིས་ཆགས་ཁ་ཁུ་སིམ་པོ་ལུང་པ་འགོལ་པོ་ཞིག་ལ་སླེབས་པའི་ཚོ་བ་སྟེར། བོད་མི་ཡོད་པ་མང་ཆེ་བ་ལོ་ན་རྒས་བ་པོ་མོ་ཤ་ཏག་མངོན།
གཞིས་ཆགས་འདིའི་བོད་མི་ཚོའི་སྔ་དགོང་གཉིས་ཀྱི་དུས་ཚོད་སྐྱེལ་སྟངས་སྣང་བ་འགྲོ་བ་ཞིག་ནི་གོ་ཉིས་ཆོད་ཀྱི་བྱ་བ་བྱེད་ཀྱི་འདུག སྔ་དགོང་གཉིས་ཞོགས་སྔ་པོ་ལངས་ནས་གཞིས་ཆགས་ཀྱི་དགོན་གནས་གསུམ་ལ་གླིང་སྐོར་ཆོས་དང་ལུས་སྦྱོང་གཉིས་ཀ་བྱས། གླིང་སྐོར་གྲུབ་མཚམས་མང་ཆེ་བ་ལམ་ཟུར་ཇ་ཁང་ནང་ཞོགས་ཇ་ཟ་བ་དང་གླེང་ཀའི་དུས་བདའ་བར་བྱས། དེ་བཞིན་དགོང་མོ་་གླིང་ཀར་སྐོར་བ་བྱེད་རྗེས་ལམ་ཟུར་ལ་ཁ་ལགས་ཟ་བ་སོགས་ཀྱི་མི་ཚེ་སྐྱིད་སྣང་འགྲོ་བ་ལྷོད་ལྷོད་ངང་བསྐྱལ།
གཞིས་ཆགས་འདི་དམིགས་བསལ་ལོ་རྒས་པ་རྣམས་ལ་ཧ་ཅང་གི་མཐུན་རྐྱེན་འཛོམ་པོ་རེད་འདུག ནང་གི་དཔུས་ཀ་ལ་སྨོས་མི་དགོས་པ་དང་སྒོ་ཕྱི་ལོག་ཡངས་པའི་འཁོར་ལམ་ཡོད་པ། ནམ་གཤིས་ཚ་དྲོད་སྙོམས་པ་ཁ་རླུང་ཡང་གཙང་བ། འགྲུལ་བཞུད་ཐུན་རྐྱེན་འཛོམས་པ། ཟས་སྣ་འཛོམས་པ་ཧ་ཅང་སྒོ་ཕྱི་ལོག་ལ་འགྲོ་དགོས་མིན་འདུག སྔ་དགོང་གཉིས་ལ་ཚོད་མ་ཚོང་མཁན་རྒྱ་གར་བ་ཚོད་མ་ཡར་སོས་པ་ཟིལ་པ་ཁྲུག་ཁྲུག་སྒོ་ཁར་སླེབས། དེ་བཞིན་འོ་མ་དང་ཤ་སོགས་ཁ་པར་གྱིས་བརྡ་གཏོང་ཐེགས་ཅིག་ལ་སྒོར་སླེབས།
ཤིག་ཏོག་ཚོང་མཁན་ཡང་དེ་བཞིན་ནོ།
གཞིས་ཆགས་ཀྱི་ཁང་པའི་དཔུས་ཀ་ནི་ཧ་ལས་དཔུས་ཀ་བཟང་པོ་རྫིག་པོ་་མ་གནས་དཔགས་ན་ཧ་ལམ་བརྒྱ་ཆ་༩༩་རིན་སྒོང་ཀོ་རོར་གཅིག་གི་སྒལ་ལ་རེད་འདུག དོར་བསྡུས་ན་གཞིས་ཆགས་ཀྱི་བོད་མི་མང་ཆེ་བ་
[་ཀོ་རོར་པ་ཏི་]་བྱེ་བ་བདག་པོ་ཕྱུག་བདག་ཤ་ཏག་རེད་འདུག
གཞིས་ཆགས་ཀྱི་འཐུང་ཆུ་ནི་གོང་བཤད་ལྟར་གཞིས་ཆགས་ཀྱི་ཆུ་མཛོང་ནས་སྔ་དགོང་གཉིས་ལ་ཆུ་ལམ་བརྒྱུད་ནས་བཏང་། ཁང་པའི་སྒོ་ར་ཕྱི་ལོག་ལ་ཆར་ཆུ་འགྲོ་ལམ་ཡང་དཔེ་ཡག་པོ་བཟོས་འདུག ནང་གི་ཆུ་ལམ་དང་གསང་སྤྱོད་ནི་སོ་སོའི་ནང་གི་འོབས་དོང་ནང་བསགས།cesspit,cesspool, soak pit གད་སྙིགས་ལེན་མཁན་བདུན་རེར་མོ་ཀྲ་ཡོང་གི་འདུག དེ་ལ་གཞིགས་ན་གཞིས་ཆགས་འདི་ཧ་ལས་པའི་མཐུན་རྐྱེན་འཛོམས་པ་འཆར་གཞིས་སྒྲ་སྒྲིག་པ་ཡར་ཐོན་ཅན་ཕྱི་རྒྱལ་ལས་ལྷག་པ་མངོན།