དབྱིན་ལཎ་བོད་རིགས་ཚོགས་པའི་གཟའ་མཇུག་སློབ་གྲྭའི་ཟློས་གར།

༼ ཉ་ཕྲུག་ཆུང་ཆུང་གི་ཆག་སྒོ་དང་ལས་དབང་།༽

ཕྲུ་གུའི་དབྱར་ཁའི་སློབ་གྲྭའི་གུང་སེང་བྲེལ་བྲེལ་འཚུབ་འཚུབ་དང་དགའ་དགའ་སྤྲོ་སྤྲོ་ངང་ནས་མཇུག་རྫོགས་པ་དང་། སྤྱི་ཟླ་དགུ་པ་ཚེས་དུས། རྒྱལ་ཡོངས་སློབ་གྲྭ་འགོ་འཚུགས། ཕྲུ་གུ་རྣམས་སླར་ཡང་སློབ་གྲྭའི་མདུན་སྒོ་བསུས། དེ་དང་སྟབས་བསྟུན་རང་རིགས་བོད་པའི་གཟའ་མཇུག་སློབ་གྲྭས་ཀྱང་སློབ་གྲྭའི་སྒྲིག་གཞི་དང་སློབ་དུས་གསར་པའི་སློབ་མ་ཚོ་ཡི་འཛིན་གྲྭའི་ཁྱབ་ཁུངས་སོགས་གསལ་བསྒྲགས་ཤིག སྤྱི་ཟླ་༩་པའི་ཚེས་༣་ཉིན་WhatsApp བརྒྱུད་ནས་ཕ་མ་ཚོ་ལ་བྱོར།

              ཟློས་གར་གྱི་ལེའུ་དང་པོ།

གསལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ད་ལོའི་སློབ་དུས་གསར་པའི་སློབ་མའི་སྡེ་ཚན་དང་དགེ་རྒན་སུ་སུ་ཡིན་པའི་ངོ་སྤྲོད་གསལ་བསྒྲགས་རེད་འདུག

གསལ་སྒྲགས་འདི་བོད་རིགས་ཚོགས་པའི་གཟའ་མཇུག་སློབ་གྲྭའི་སློབ་མ་ཆུང་ཆུང་། བུ་མོས་མཐོང་བ་དང་ཡིད་སྐྱོ་བའི་ངུ་ངག་དང་བཅས་ཏེ་མདུན་ཏུ་ཡོད་པའི་རང་གི་ཨ་མ་ལགས་ལ། 

ང་གཟའ་མཇུག་སློབ་གྲྭར་འགྲོ་རྒྱུ་མིན་བཅས་ངུ་ངག་གིས་མཐའ་ཚིག་བསྒྲགས།

སྐབས་དེ་དུས་མདུན་དུ་ཡོད་པའི་ཨ་མ་ལགས་ཀྱིས་ཁ་ཏ་བསླབ་བྱ་གང་མང་བྱས་ཀྱང་བུ་མོས་མཐའ་གཅིག་ཏུ་མི་ཉན་པར་རྒྱུ་མཚན་མང་པོ་ཞིག་གྲངས། བུ་མོའི་རྒྱུ་མཚན་ནི་འདི་ལྟར། ང་གཅིག་པོ་འཛིན་གྲྭ་ནས་མར་ཕུད་འདུག ངའི་སློབ་གྲོགས་ཡོངས་རྫོགས་འཛིན་གྲྭ་གོང་མར་ཡར་སྤར་འདུག ཅེས་ངུ་འབོད་ཀྱིས་གནས་ལུགས་བཤད། སྐབས་དེ་དུས་ཨ་མ་ལགས་ཀྱིས་ཐབས་མཁས་ཀྱི་རང་གི་བུ་མོ་ལ་ཁ་འཇམ་ཚིག་བཟང་གིས་སེམས་གསོ་དང་སྦྲགས། འགྲིག་འགྲོ་གི་རེད་བཅས་ཕྲུ་གུར་སེམས་གསོ་བཏང་། དུས་སྐབས་དེ་རང་ལ་རང་གི་གྲོགས་མོ་ཞིག་ལ་ཁ་པར་བརྒྱུད་ནས་གནས་ལུགས་འགྲེལ་བཤད་དང་ཐབས་ཤེས་ཀྱི་ཚུལ་ཏུ་བུ་མོའི་དགེ་རྒན་ལགས་ལ་རེ་བསྐུལ་གྱི་ཁ་པར་ཞིག་གཏོང་རོགས་གྱིས་བཅས་མངག་ཆ་བྱས། ཁ་པར་གྱི་གཏམ་མཇུག་བསྡུས་པ་དང་སླར་གཟའ་མཇུག་སློབ་གྲའི་འགན་འཛིན་ག་གེ་མོ་ཞིག་ལ WhatsApp སྐད་འཕྲིན་བརྒྱུད་ནས་རང་གི་བུ་མོའི་གནས་སྟངས་དང་བུ་མོས་གང་བཤད་པ་ཇི་མ་ཇི་བཞིན་ནང་ཚགས་བློ་ཉེ་པོས་ཚུལ་ཏུ་འགྲེལ་བཤད་དང་ད་ལན་བུ་མོ་ལ་བསམ་ཤེས་ཀྱི་ཐབས་ཤེས་གནང་རོགས་བྱེད་བཅས་རེ་སྐུལ་གྱི་སྐད་འཕྲིན་བསྐུར།  

   ལེའུ་གཉིས་པའི་འཁྲབ་ཚན།

གདང་དགོང་སྐད་འཕྲིན་གྱི་སྐད་ལན་བྱོར།

ལན་འདེབས་ནང་དོན་ནི། བུ་མོའི་ཨ་མ་ལ། ཁྱེད་རང་གིས་བསམ་ཤེས་བྱེད་རོགས། ང་ཚོ་བྱེད་ཐབས་ཁག་པོ་འདུག་ཅེས་ཚིག་འཇམ་དོན་སྟོང་རེ་བ་མེད་པའི་ལན་ཞིག་གིས། སྐད་འཕྲིན་གྱི་བརྒྱུད་ལམ་དེ་ནས་ཆད། སྐད་ཆ་ཤོད་སྟངས་འདི་ནི་སྣངབ་ཅི་ནས་འགྲོ་མ་སོང་། འདི་ལས་འགན་ཡོད་པའི་མིའི་སྐད་ཆ་ཤོད་སྟངས་མ་རེད། ང་ལ་དགོས་པའི་

ལན་འདི་བུ་མོ་མར་ཕུད་པའི་རྒྱུ་མཚན་གནས་ལུགས་སྒྲིག་གཞི་གང་གིས་གནས་དབྱུང་གཏོང་བ་སོགས་གནས་ལུགས་འགྲེལ་དགོས། དེ་ནི་ཐབས་ལམ་དང་འགྲིག་ཐབས་ཀྱི་སྐད་ཆ་མིན་པ་ཚུར་ཁ་བཀག་ཡ་ཁ་འཇམ་དོན་སྟོང་གི་སྐད་ཆ་རེད།

དེ་ནས་བུ་མོ་དང་འབྲེལ་ཡོད་གཞུང་དྲང་སེམས་བཟང་གི་གྲོགས་པོ་གྲོགས་མོ་འགའ་བློ་འཚབ་ནང་དུ་ལྷུང། 

བར་སྐབས་འདི་ལ་ཐབས་ཤེས་གང་ཡོང་ཅི་ཡོང་གིས་བུ་མོ་བཟའ་ཉི་མའི་ཉིན་སློབ་གྲྭ་སྐྱོད་ཐུབ་པའི་ཐབས་ཤེས་འཚོལ་རུང་འབྲས་བུ་མ་བྱུང་།

དེ་ནས་གཟའ་མཇུག་གཟའ་ཉི་མའི་སློབ་གྲྭའི་ཉིན་མོ་སླེབས་པ་དང་། དུས་ལྟར་ཕ་མ་དང་ཕྲུ་གུ་གཞན་རྣམས་སློབ་གྲྭར་སོང་། ཨ་མ་དང་བུ་མོ་གཉིས་གཟའ་ཉི་མའི་སློབ་གྲྭར་འགྲོ་ཐུབ་མ་སོང་།

དེ་རིང་གི་གཟའ་ཉིན་མ་འདི་སློབ་གྲའི་ཉིན་དང་པོ་དེ་ཡིན་པས་ཕྲུ་གུ་ཚོར་དགའ་སྣང་སྤྲོ་སྐྱིད་ངང་རང་རང་གིས་དབྱར་གཞུང་སྐབས་གང་བྱས་གང་མཐོང་གང་ཟས་སོགས་ཀྱི་ལོ་རྒྱུས་དང་གནས་ཚུལ་མང་པོ་ཞིག་འགྲེལ་རྒྱུ་ཡོད་པ་དང་།

དེ་མ་ཟད་དུས་ཡུན་རིང་པོས་བར་ཆོད་པས་གྲོགས་པོ་གྲོགས་མོ་སླར་ཐུག་རྒྱུའི་དགའ་ཚོར།

ཡང་སྐྱར་མཉམ་འཛོམས་རྩེད་མོར་རྩེ་རྒྱུའི་གོ་སྐབས་བཟང་པོ་འདི་ཡིན་རུང་། གོང་གི་གནད་དོན་རྐྱེན་པས་སྤྲོ་སེམས་འཁོལ་བའི་རེ་བ་འདི་མི་འདོད་བཞིན་སེམས་སྡུག་ལྕིད་མོས་གནོན། 

ད་བྱེད་ཐབས་བྲལ་རི་དགས་རྨས་མ་བཞིན་རང་ཚང་ནང་དུ་འཁུམས་ནས་གཟའ་ཉི་མ་འདི་གྲོགས་མེད་འཁྱེར་རྐྱང་ངང་བཞུད།

              ལེའུ་གསུམ་པའི་འཁྲབ་ཚན།

ད་ཉམ་ཆུང་བུ་མོ་འདིའི་དོན་རྐྱེད་དེ་ཛ་དྲག་ཏུ་སོང་སྟེ་སྤྱི་ཚོགས་ཀྱི་གླེང་སློང་གི་བརྗོད་གཞི་ཞིག་ལ་འགྱུར་མགོ་ཚུགས། དེ་མཚམས་ནས་བུ་མོའི་ཨ་མ་ལ་ལན་གཉིས་པ་འདི་ཁ་འཇམ་དོན་སྟོང་བའི་ལན་འདི་ལྟར་འབྱོར། སློབ་གྲའི་འགན་འཛིན་ལྷན་ཚོགས་ཀྱི་མཐུས་མི་འགས་ནང་གྲོས་བྱས་པས་མཐའ་སྡོམ་ཁྱེད་རང་གི་བུ་མོ་ཡར་གཏོང་རྒྱུའི་ཐག་གཅོད་ཟིན་པ་ཡིན། ཡིནའང་དགེ་རྒན་འགྲེས་པོ་ཁོང་གི་ལན་ལ་བསྒུགས་ནས་ཡོད་ཅེས་གནད་དོན་འདི་སླར་ཐག་གཅོད་མེད་པར་རང་གནས་སུ་ལུས།

ལེའུ་བཞི་པ།

དོན་རྐྱེན་གྱི་གཞི་མ་འཚོལ་ཞིབ། བུ་མོའི་ཨ་མར་སྔ་ཕྱིའི་ལན་འདེབས་དང་སྤྱི་ཚོགས་ཀྱི་བདེན་རྫུན་གྱི་དཔྱད་ཞིབ་གྱི་བདེན་དཔང་།

དང་པོ་བུ་མོའི་དུས་རྒྱུན་གྱི་སྤྱོད་ལམ་ཀུན་སྤྱོད་དང་།སློབ་གྲྭའི་་ནང་དུ་དགེ་རྒན་དང་རྒན་རབས་རྣམས་ལ་རྒྱུན་པར་གུས་བརྩི་དང་གཞོན་པ་ལ་བྱམས་སྐྱོང་ཀུན་གྱིས་ཡིད་སེམས་འགུག་པའི་བུ་མོ་ཉམས་ཆུང་གི་ངང་ཚུལ་ལྡན་པ་ཞིག་ཡིན་པ་དགེ་རྒན་རང་ནས་འགྲེལ་བརྗོད་བྱས།

སློབ་གྲྭའི་ནང་སོ་སོའི་སློབ་ཚན་འཁྲིད་སྐབས་སེམས་རྣམ་གཡེང་མེད་པ་ཡིད་བརྟན་པ་དེ་དགེ་རྒན་གྱིས་རྟག་ཏུ་མངགས་བརྗོད་ཐོབ།

སློབ་གྲྭའི་་སྒྲིག་ཁྲིམས་དང་འགལ་བའི་ལོ་རྒྱུས་ནམ་ཡང་བཞག་མྱོང་མེད།

དེ་དང་འབྲེལ་བའི་བུ་མོའི་ཕ་མ་གཉིས་ཀྱི་མི་གཤིས་ཀུན་སྤྱོད་དང་། བུ་མོའི་ཨ་མས་་སློབ་གྲྭའི་ལས་འགན་སོགས་ནམ་ཡང་མི་བསྐྱུར་བར་རང་འགན་འཐུས་ཚང་ཞུས་དང་ཞུ་བཞིན་པའི་ཐོག སློབ་གྲྭའི་ཁོར་ཡུག་ནང་དུ་སློབ་གྲྭའི་སྒྲིག་འཛུགས་ལ་གནོད་པའི་བྱ་སྤྱོད་གཅིག་ཀྱང་བྱས་མྱོང་མེད།

བུ་མོའི་ཨ་ཕ་འདི་ཡང་རང་གཤིས་ཀུན་སྤྱོད་དང་། དུས་རྟག་ཏུ་སློབ་གྲྭ་འདི་ལ་ཕན་སེམས་ཀུན་ནས་སླངས་ཏེ་རོགས་སྐྱོར་རམ་འདེབས་ལ་འཇུངས་པ་མེད་པར་མདུན་མཆོང་གི་ལོ་རྒྱུས་རིང་པོ་བཞག་ཡོད། ལོ་རྒྱུས་དང་བྱས་རྗེས་འདི་དག་གྲངས་དགོས་པར་མ་མཐོང་མོད། སློབ་གྲའི་ལོ་རྒྱུས་ཟིན་ཐོ་དང་འགན་འཛིན་རྣམ་པའི་དྲན་ཤེས་ལ་ཡོད་ངེས།  བུ་མོའི་མི་གཤིས་ཀུན་སྤྱོད། ཕ་མའི་མི་གཤིས་ཀུན་སྤྱོད་གང་ཐད་ལ་བལྟས་ཀྱང་། བུ་མོ་འདི་ལ་དབྱེ་འབྱེད་གཏོང་དགོས་པའི་རྒྱུ་མཚན་མེད་པ་དང་། སྡིག་པ་མིག་བཙུམ། ལས་རྒྱུ་འབྲས་བརྩི་མེད་ཀྱི་ཉམས་ཆུང་བུ་མོ་འདི་ལ་མར་ནང་ནས་སྤུ་བཏོན་པར་ལྟར་མོ་རང་གི་འཛིན་གྲྭ་ནས་གནས་རིམ་འོག་མར་ཕབ་པ་ནི། མངོན་གསལ་དོད་པོས་ཉམས་ཆུང་མི་ཚང་ལ་བཙན་པོས་དབང་ཡོད་ཀྱི་ཐུབ་ཚོད་དང་བུ་མོ་ལ་ཁྱད་གསོད་ཀྱི་ལས་བརྩམས་པར་ངེས་འཛིན་ཞུ་རྒྱུ་ཡིན།

ལེའུ་ལྔ་པ།

འགན་འཛིན་ལྷན་ཚོགས་དང་འབྲེལ་ཡོད་རྒྱབ་ལོག་ཀྱི་དཔུང་ཚོགས་རྣམས་ཀྱི་ཅི་སྟེ་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་འཚོལ་སྐབས།

བུ་མོའི་ཕ་མ་གཉིས་ནས་འབྲེལ་ཡོད་དབང་འཛིན་པ་དང་མི་མངོན་པའི་རྒྱབ་ཀྱི་རི་ལྟ་བུའི་དཔུང་ཚོགས་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུ་བརྩམས་པའི་ལས་སྣ་གཅིག་ཀྱང་བྱས་མེད་པར་སེམས།

ད་བྱེད་དུས་མི་ཚང་འདི་ལ་དེ་འདྲ་བའི་ཆག་སྒོ་ཞིག་ཡོང་དོན་ནི་མི་ཚང་གི་ཨ་ཕ་འདིའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྐྱེས་ས་སྐྱེས་ཡུལ། ཆོལ་ཁ་མི་གཅིག་པའི་རྒྱུ་མཚན་ཉག་ཅིག་གི་རྐྱེན་དུ་འབབ། 

དུས་ཡུན་རིང་པོ་ཞིག་ནས་དངོས་ཤུགས་བརྒྱུད་གསུམ་ནས་བདག་གི་ཆབ་སྲིད་ལངས་ཕྱོགས་དང་ཆོལ་ཁའི་་ཉེར་ལེན་ལ་མི་འདོད་པའི་འབྲས་བུ་མང་པོ་ཞིག་མྱངས་དང་མྱོང་བཞིན་པ་དང། ད་ལེན་གྱི་དོན་རྐྱེན་འདི་ཡང་དེའི་ཉེར་ལེན་ཡིན་པ་ཉམས་མྱོང་དང་རིག་པས་གྲུབ།

ལེའུ་དྲུག་པ།

འབྲེལ་ཡོད་སློབ་གྲྭའི་ཕ་མ་ཚོའི་ངང་ཚུལ་དང་བུ་མོའི་འཛིན་གྲོགས་གཅིག་པའི་སེམས་གསོ་དང་བདེན་དཔང།

རེད། ད་ལེན་གྱི་ཆག་སྒོ་འདི་མི་ཚང་ཉམས་ཆུང་། དཔུང་མེད་མགོན་མེད། ཆབ་སྲིད་ཀྱི་དབང་ཤུགས་མེད་པ། ཆོལ་ཁའི་དཔུང་ཤུགས་མེད་པའི་མི་ཚང་སྒེར་གྱི་ཐོག་ལ་འབབ་སྐབས། བུ་མོའི་འཛིན་གྲོགས་ཅིག་པའི་འབྲེལ་ཡོད་ཕ་མ་ཚོས་ཀྱང་དགུན་གྱི་ཁུ་བྱུག་བཞིན་མི་སྨྲ་བའི་རྟུལ་ཞུགས་བཟུང། ངས་ཤེས། ཁྱེད་རྣམས་ཀྱི་ངང་ཚུལ་འདི་བདེན་རྫུན་དཔྱོད་པའི་རྣམ་དཔྱོད་ཡོད་རུང་། རང་རང་གི་རྒྱུ་མཚན་ཁེ་ཕན་ཡང་དག་ཞིག་གིས་སེམས་ཀྱིས་བསམ་རུང་མགྲིན་པས་ངག་བསྡམས།

འགའ་ཤས་ཀྱིས་གོ་རུང་གོ་མ་སོང་། འགའ་ཤས་ནས་མཐོང་རུང་མཐོང་མ་སོང་མདོག་མདོག ཟུར་ནས་ལྟད་མོ་བལྟས་ནས་འདུག་ཚུལ་འདིས། རིགས་མཐུན་དཔུང་སྡེ་དེ་ལ་སེམས་ཤུགས་ཀྱི་རྒྱབ་སྐྱོར་ལྐོག་ནས་ནུས་པ་འཕར་མ་སྤྲད།

བུ་མོའི་འཛིན་གྲོགས་གཅིག་པ་འགའ་ནས་དོན་རྐྱེན་འདི་དྲང་པོ་མིན་པ་དབྱེ་འབྱེད་ཡིན་པ་བདེན་དཔང་ངག་སྒོ་ཕྱེ་ནས་རང་གི་ཕ་མའི་མདུན་སར་THIS་IS་NOT་FAIR་ཞེས་བརྗོད་འདུག འདི་ནི་ཕྲུ་གུའི་སེམས་པ་ལྷད་མེད་པ་བདེན་པ་ལ་རྒྱབ་སྐྱོར་མིའི་རང་གཤིས་ངོ་མ་དེ་ངང་གིས་སྟོན་པ་མཚོན།

ཡིནའང་བློ་སེམས་དཀར་བའི་ཕྲུ་གུ་རྣམས་ཀྱིས་དོན་རྐྱེན་དེའི་རྒྱབ་ལ་ཆབ་སྲིད་ནག་པོའི་གསང་ཐག་དང་ཆོལ་ཁའི་ནད་སྙིང་ཁྱབ་བཞིན་པའི་གཅོང་ནད་ཅིག་ཡོད་པ་ག་ལ་ཤེས།

ལེའུ་བདུན་པ།

འགན་འཛིན་ལྷན་ཚོགས་ཀྱི་ཁ་གཡར་སའི་མི་མངོན་པའི་དྲི་ཟའི་སྒྲིག་གཞི།

དེ་ཡང་གཟའ་མཇུག་སློབ་གྲྭའི་སྒྲིག་གཞི་ཞིག་ཡོད་ཟེར་སྐད། མཇལ་རྒྱུ་མེད་པའི་ལྷའི་གཞལ་ཡས་ཁང་། མཐོང་རྒྱུ་མེད་པའི་ཀླུའི་ནོར་བུ། རིགས་མཐུན་བགྲོས་པའི་དྲི་ཟའི་སྒྲིག་གཞིའི་ལུང་ལས། དེ་ཡང་འགའ་ཞིག་གི་ངག་རྒྱུན་ལས་ཇི་སྐད་དུ། སློབ་གྲྭའི་ལོ་རེའི་སློབ་མའི་ཆ་བགོས། དགེ་རྒན་རེ་ལ་སློབ་མའི་གྲངས་ངེས་དགོས། དེ་ཡང་སློབ་མའི་ལོ་གྲངས་ལ་གཞིགས་ནས་ཆ་བགོས་བྱས་ཏེ་སློབ་མའི་གྲངས་གནས་ངེས་པར་འགྲེལ་བརྗོད་བྱས།

རིགས་མཐུན་བགྲོས་པའི་དྲི་ཟའི་སྒྲིག་གཞི་དེ་དཔང་ལ་བཞགས་ནས་ཉམས་ཆུང་བུ་མོ་ལོ་ཚད་མི་ལོན་པའི་རྒྱུ་མཚན་གྱིས་འཛིན་གྲྭར་འདི་ནས་མར་ཕབ་པར་ངོས་ལེན་ཞུ། གང་ལགས་ཞུས་ན་རིགས་མཐུན་བགྲོས་པའི་དྲི་ཟའི་སྒྲིག་གཞི་ནང་ལོ་གྲངས་ཚད་བཀག་ཡོད་ཟེར་སྐད། ཁྱེད་རྣམ་ཀྱི་མི་མངོན་དྲི་ཟའི་སྒྲིག་གཞི་ལ་ངོས་ལེན་ཞུ་།

སྐབས་བབས་སུ་དམིགས་བསལ་གསལ་བཤད་ཞུ་འདོད་པ་ནི། འོག་གི་དྲི་བ་འདི་དག་ནི་བདག་གིས་བཀོད་པའི་དྲི་བ་མིན། དྲི་བའི་ནང་གི་གང་ཟག་དང་ཕྲུ་གུ་ལ་ངས་ནམ་ཡང་འགག་བྱ་ཞུ་རྒྱུ་མིན། བུ་མོའི་སློབ་གྲོགས་འགའ་ཡིས་རྒྱུ་མཚན་བཀོད་པའི་ངེས་ཅན་དྲི་བ་འདིས་ཁྱེད་རྣམ་པས་རྩ་བར་བཟུང་བའི་རིགས་མཐུན་བགྲོས་པའི་དྲི་ཟའི་སྒྲིག་གཞི་ལ་ལན་འདེབས་སློང་གིས་འདུག

དྲི་བ། ལོ་ཚད་མ་ལོན་པས་བུ་མོ་གནས་དབྱུང་བཏང་། བུ་མོ་འདིའི་ལོ་ཚད་ལས་ཆུང་བ་ཞིག་བུ་མོའི་ས་དམིགས་བསྐངས་བ་ཅི། ཁྱེད་རྣམ་པའི་རྩ་བར་བཟུང་བའི་རིགས་མཐུན་དྲི་ཟའི་སྒྲིག་གཞི་འདི་དོན་ལ་མི་གནས་པ་སློབ་གྲའི་ཕྲུ་གུ་ཆུང་ཆུང་དག་གིས་ཤེས་འདུག་གོ

དབང་ཡོད་རིགས་མཐུན་ཁྱེད་རྣམ་པའི་བྱེ་བྲག་ཕྲུ་གུ་ལ་གཟིགས་པ་དང་བྱམས་སྐྱོང་ཡོད་པ་འདི་ལ་གུས་པས་མངོན་པར་བསྟོད། 

ཡིནའང་ཉམས་ཆུང་བུ་མོ་འདི་ལ་ཅི་སྟེ་ཞེ་འཁོན་བཟུང་ངམ།

ལེའུ་བརྒྱད་པ།

ཞེ་འཁོན་གྱི་གཞི་རྩ་འཚོལ་བ་། བུ་མོའི་ཨ་ཕ་འདི་གོང་གི་རིགས་མཐུན་དཔུང་ཚོགས་ཀྱི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དང་མི་མཐུན། མིག་ནང་གི་ཚེར་མ།

སྐྱེས་ས་སྐྱེས་ཡུལ། ཆོལ་ཁ་མི་གཅིག་པ་དེས་རྐྱེན་པས་ཉམས་ཆུང་བུ་མོའི་སྒང་ལ་ཆག་སྒོ་ལྷུངས།

ཆག་སྒོའི་བདག་རྐྱེན་བུ་མོའི་ཨ་ཕ་འདི་ཡིན་པས་ཨ་ཕས་བུ་མོ་དང་ཨ་མར་སེམས་གསོའི་དགོངས་སེལ་ཞུ་བ་དང་དྲང་པོའི་གནས་ལུགས་འགྲེལ་ངེས།

ངའི་ལངས་ཕྱོགས་དང་ལྟ་གྲུབ་གྱིས་ཁྱེད་གཉིས་ལ་ཐུགས་སུན་པོ་བཟོས་སོང་བ་དེ་ལ། ངས་ཁྱེད་གཉིས་ཀྱིས་བསམ་ཤེས་བཟོད་གསོལ་བྱེད་རོགས་བགྱི་ཞེས་རེ་བསྐུལ་དང་དགོངས་དག་ཞུ།

ཡིནའང་ངས་ཚེའི་འདུ་བྱེད་མ་འགག་པར་ལངས་ཕྱོགས་འདི་ལ་གནོང་འགྱོད་སྤུ་ཙམ་མེད། དེ་ངའི་སྤོབས་པ་ཡིན། འཚོ་ན་སྤོབས་པ་འདིའི་སྒང་ལ་གསོན། ཤི་ན་སྤོབས་པ་དེའི་སྒང་ནས་འཆི།

སྐྱེས་ལུང་མདོ་སྟོད་མིའི་ཆོལ་ཁ་ནང་ལ་གཏུག་པ་བསོད་ནམས་ཡིན་པར་ཁེངས།

ཆོལ་ཞེན་སྐམ་པོ་དེ་ཡིས་ཁེགས་དྲེག་གིས་སྔ་རྗེས་བར་གསུམ་ལ་ཆོལ་ཁ་ཁ་ལ་འཁྱེར་ནས་ལས་ངན་པ་སྤྱི་ཚོགས་སྐྲུག་ཡ་ལས་སྣེ་གཅིག་ཀྱང་བྱེད་མྱོང་མེད་ཚིག་ཐག་གཅོད་ནས་བཤད་ཐུབ། དེ་ངའི་ལྟ་བ་ལངས་ཕྱོགས་དང་མི་རིགས་ཅིག་པའི་འདུ་ཤེས་ཀྱི་སྲོག་རྩའང་འདི་ཡིན།

བུ་མོའི་ཆག་སྒོའི་འབྱུང་རྩ་ང་། ངའི་ཆ་སྒོའི་རྒྱུ་རྩ་འོག་གི་ཚེག་ཁྱིམ་གསུམ་འདི་ཡིན་མཐའ་ཚིག་གིས་ཟློས་གར་འདིའི་ལེའུ་མཇུག་བསྡུས་སོ།།་

་Anti Semitic Ideology ལྟ་གྲུབ་བཟུང་ཡོད་པའི་གང་ཟག་འགས་ཇུས་ངན་འོག་ནས་རྐྱེན་ངན་བར་ཆད་ཀྱི་ལས་མཐའ་མྱོང་དགོས་པའི་མི་སྣ་ཞིག་ཏུ་གྱུར།

ཞོ་ལྟར་ཉལ་བའི་སྤྱི་ཚོགས་འདི།

དར་བའི་ངོ་བོར་གྱུར་འདོད་ང་ལ་མེད།

མངོན་འདོད་ཞི་བདེ་སྤྱི་ཚོགས་ཡིད་ཀྱི་ཕུག་བསམ་ཡིན།

མི་འདོད་ཅཱན་དྲལ་རྒྱལ་པའི་རྣམ་ཐར་འགྲན་པར་ནུས།།