
གཙང་པོ་ཐེམ་སེ་དང་གཙང་པོ་མེ་ད་ཝེ་གཉིས་ཀྱི་འབབ་ཁ་རྗེས་སྙེག་པ།
3rd august and 4th august
དེ་རིང་གི་གོམ་བགྲོད་ནི་གཙང་པོ་ཐེམ་སེ་དང་གཙང་པོ་མེ་ད་ཝེ་གཉིས་ཀྱི་འབབ་ཁ་རྗེས་སྙེག་སྟེ། གཙང་པའི་འགྲོས་དང་གཙང་པོ་གཉིས་ཀྱིས་ལེ་དབར་བརྒྱ་ཕྲག་གིས་དཀའ་བཅད་ཀྱིས་བགྲོད་དེ།
ཕྱེད་གླིང་ཕྲན [ཨ་ཧེལས་ཨོཕ་གྲཧན] ལ་ལས་དབང་གིས་མཚམས་སྦྱར། [ཨ་ཧེལས་ཨོཕ་གྲཧན]་ལ་གཙང་པོ་གཉིས་དང་བྱང་གི་རྒྱ་མཚོའི་འདུ་འཛོམས་ཀྱི་རྣམ་པ་དང་གཏུམ་དྲག་སྙིང་རྗེས་བྲལ་བའི་བྱང་གི་རྒྱ་མཚོས་ཁམ་སྒང་ལ་གཙང་པོ་གཉིས་ཁྱུད་མིད་འཐུང་བ། ཡ་ང་བའི་ལས་དབང་གི་རྣམ་པ་དེ་དག་དྲན་ངོར་འགོད་འདོད་བྱུང་།
ནུབ་བྱང་ཀིམ་བལ་མངལ་ན་བཏམས་པའི་ཐེམ་སེ།
ལྷོ་ཤར་ཏྲུ་ནར་ཧིལ་ན་འཁྲུངས་པའི་མེ་ད་ཝེ།
ས་གནས་མི་ཅིག་ལེ་དབར་བརྒྱ་ཕྲག་བྲེལ་གྱིས་བཞུད།
ལས་སྨོན་བཟང་པོས་ཨ་ཧེལས་ཨོཕ་གྲཧན་སྤང་ན་འཛོམས།
དམ་ཚིག་བདུད་པའི་བརྩེ་གདུང་རོལ་བའི་གཙང་པོ་ཟུང་།
གཏུམ་དྲག་སྙིང་རྗེ་མེད་པའི་བྱང་གི་རྒྱ་མཚོ་ཡིས།
གཙང་པོའི་དཔལ་ཡོན་རྒྱས་པའི་ལོ་རྒྱུས་རིང་པོ་འདི།
གཏུམ་དྲག་བྱང་གི་རྒྱ་མཚོས་གཙང་པོའི་སྲོག་གི་སྙིང་པོ།
ཡ་ང་སྙིང་རྗེ་བྲལ་བས་གཙང་པོའི་སྲོག་གི་སྙིང་པོ་འགུམས།
གོང་ཚེས་གཞོག་པ་ཆུ་ཚོད་༨་༣༠་ཐོག་ནང་ནས་དམིགས་འབེན་ཡུལ་ལ་བརྟོལ།
སྐབས་དེ་དུས་༡༠་༣༠་ཡས་མས་ཤིག་ལ་གནམ་གཤིས་བསིལ་བུ་ཉིན་མ་སྤྲིན་པས་བསྒྲིབས་ནས་ཁོར་ཡུག་སྐྱ་མི་མདངས་བའི་རྣམ་པ་ཞིག་གི་མཚམས་སུ་བདག་ Isle of Grain ཆུ་ངོགས་ལ་སླེབས།
ཆུ་ངོགས་མདུན་རང་ལ་རིན་མེད་མོ་ཀྲ་འཇོག་ས་འབབ་ཐང་འབྲིང་ཙམ་ཞིག་མོ་ཀྲ་འགའ་ཤས་སྔོན་ནས་སླེབས་ཟིན་འདུག
མོ་ཀྲ་འཇོག་སའི་མདུན་ནས་གོམ་པ་འགའ་ཤས་ས་ན། གཙང་པོ་ཐེམ་སེ་ཡི་རྣམ་པ་ནི་འདི་ལྟར།
རླབས་ཕྲེང་གསལ་ལ་མི་གསལ། ཆུ་གཞུང་བྲི་བས་ཆུ་མཐའ་དམ་ནག་སྙེར་སུལ་གྱི་རི་མོ་སྤར་བ་ལྟ་བུའི་རྣམ་པ་མངོན། དེའི་སྟེང་ཆུ་བྱ་རྣ་མིན་གྱིས་ཟས་འཚོལ་ཞིང་བྲེལ། ཆུ་མཐའི་མཚམས་ནས་རླབས་འགོག་ཤིང་གི་ཆུ་རག་རྣམས་ནག་རོག་ངེ་མངོན་པར་གསལ། མཐའ་མཚམས་སྨུག་སྤྲིན་གྱིས་ཆུ་ཕ་རོལ་གྱི་ཡུལ་ལྗོངས་ནི་མཐོང་མི་ཐུབ། གཙང་པོ་ཐེམ་སེ་ནི་དལ་པོས་བྱང་གི་རྒྱ་མཚོའི་ཁ་ལ་བཞུད་པའི་རྣམ་པ་འདི་མངོན།
ཆུ་འགྲམ་རང་ན་མི་འགྲོ་ལམ་རྒྱ་ཆེན་པོའི་སྟེང་མི་འགའ་རེ་ཁྱི་འཁྲིད་དེ་ཡར་འགྲོ་མར་འགྲོ་བཞིན་གདའ།
ངས་འགྲོ་ལམ་གཡས་ཕྱོགས་ནས་ལམ་སྣེ་བསུས་ཏེ་གཙང་པོ་མེ་ད་ཝེ་འབབ་ཁ་ཕྱོགས་ལ་སྐྱོད། གཙང་པོ་གཉིས་ཀྱི་འབབ་ཁའི་མདོ་ནི་འདི་གཙང་པོ་ཐེམ་སེ་དང་འདི་གཙང་པོ་མེ་ད་ཝེ་བཅས་གཅོད་མཚམས་ཤེས་པར་དཀའ། གཙང་པོ་གཉིས་ཀྱི་ཆུ་རྒྱུན་གྱི་ཕྱོགས་མཚམས་ལས་ཚོད་དཔགས་བྱས་པ་ལས། གཙང་པོ་གཉིས་འདྲེས་ནས་ཆུ་གཞུངགཉིས་གཙང་པོའི་ངོ་བོ་མི་མངོན། མཐའ་ཡས་བྱང་གི་རྒྱ་མཚོའི་ནང་མི་མངོན་པར་གྱུར། གཙང་པོ་མེ་ད་ཝེའི་མཇུག་མཐའ་འདིར་ The Grain Tower ད་གྲེཧན་ཏྲ་ཝར་ 1855 ལོར་སྐྲུན་པ། མཁར་རྫོང་འདི་ཁྱེར་རྐྱང་ཆུའི་དཀྱིལ་ལ་མངོན་པར་བརྗིད་ཆགས་ད་ལྟའང་ལོ་རྒྱུས་ཀྱི་དཔངས་པོར་མངོན་འདུག
ཏྲ་ཝར་འདི་འཛམ་གླིང་དམག་ཆེན་སྐབས་མཚོ་མཐའ་སྲུང་བའི་མཁར་རྫོང་ལོ་རྒྱུས་རང་བཞིན་ཞིག་ཡིན། འདི་ལ་ཆུ་མཐའ་ནས་རྫོང་མཁར་བར་འགྲོ་ལམ་ [Causeway ཆུ་བརྒལ་ལམ་] ཡོད་སྐད། སྐབས་དེ་དུས་ཆུ་རླབས་ཆེ་བས་[ཆུ་བརྒལ་ལམ]་ཆུ་ནང་འཐིམ་ནས་མངོན་པར་མི་གསལ། གནས་འདིར་ངེས་པར་ཏུ་བལྟ་འོས་པ་ཞིག་ནི་ད་གྲེཧན་ཏྲ་ཝར་འདི་དང་ཀོས་ས་ཝས་ཆུ་བརྒལ་ལམ་སྟེང་གོམ་བགྲོད་མྱོང་རྒྱུ་གཙོ་བོ་ཞིག་ཡིན།
གཙང་པོ་མེ་ད་ཝེ་རྣམ་པ་ནི་སྐབས་དེ་དུས་གཙང་པོ་ཐེམ་སེ་ལ་བསྡུར་ན་ཆུ་རླབས་ཆེ་ཙམ་ཞིག་དང་ཆུ་མཐའི་རྡོ་རྣམས་ཆུ་དྲེག་ནག་པོ་ཆགས་པས་ཆུ་མཐའ་མདོག་ནག་པོ་མངོན།
རིམས་བཞིན་ཕྱོགས་སུ་ཇི་ཙམ་སྐྱོད་པས་གཙང་པོའི་ཁ་མདོག་ནག་སྨུག་སུ་གྱུར་གྱི།
དེ་ནས་གནམ་གཤིས་ཡང་ཇི་ཡག་ཏུ་གྱུར་ནས་མཐའ་མཚམས་ཀྱི་ཡུལ་ལྗོངས་རྣམས་ཇི་གསལ་གྱུར། གཙང་པོ་མེ་ད་ཝེ་ཕ་རོལ་ན་གླིང་ཕྲན་[ཤེར་ན་ས] མཇལ། དེ་ནས་ཆུ་ངོགས་སྟེང་ལ་coastal path ལམ་ནས་མུ་མཐུད་དེ་ཡར་ཆུ་རག་རྙིང་པ་ཞིག་གིས་མཚམས་བར་ཕྱིན། དེ་ནས་དུས་ཡུན་ཆུ་ཚོད་སྐར་མ་༢༠་ཙམ་སོང་ན་ར་བས་འགྲོ་ལམ་དཀག་ནས་འགྲོ་ལམ་མིན་འདུག
དེ་ནས་སླར་སྔར་ལམ་དེད་ནས་ཕྱིར་ལོག དེ་མཚམས་སུ་གཙང་པོ་གཉིས་ཀ་ཆུ་རླབས་་རྒྱས་ཏེ་གཙང་པོའི་རྣམ་པ་ཡོངས་སུ་གྱུར་ཟིན་འདུག མི་རིང་བར་སྔར་གྱི་ལམ་མདོ་འདིར་བྱོར། འདི་ནས་གཙང་པོ་ཐེམ་སེ་ཕ་ཁ་ན་མཛེས་སྡུག་ལྡན་པའི་Southend on sea ཡུལ་ལྗོགས་མཇལ།
ཕྱིར་ལོག་སྐབས་ཆུ་ཁའི་ཡར་ངོས་སྤངས་ལྗོངས་སྒང་ནས་ཆས། སྤངས་ལྗོངས་མཐའ་ནས་སྐྱོད་སྐབས་སྤངས་ཐང་ཡངས་པོར་རང་སྐྱེས་མེ་ཏོག་དཀར་སེར་འདྲེས་མའི་མེ་ཏོག་ལྡུམ་ར་ཡིད་དུ་འོང་བ་རྒྱ་ཁྱོན་ཡང་ཆེན་པོ་ཞིག་འདུག གང་ལྟར་གནས་འདིར་རང་བྱུང་ཁམས་ལ་འདི་ཙམ་གྱིས་གནོད་པ་བྱུང་མིན་འདུག་བསམ་པའི་ཚོར་བ་བྱུང།
འདི་མཚམས་ན་Anti-Tank Obsticles on the Beach་ མེ་སྒྱོགས་འཁོར་ལོ་འགོག་བྱེད་ཀྱི་མཚོ་ངོགས་ལ་བལྟ་བར་སོང། འདིར་དམག་ཆེན་སྐབས་མེ་སྒྱོགས་འཁོར་ལོ་འགོག་བྱེད་ཀྱི་ཆེད་དུ་གྲུ་གསུམ་ཨར་འདམ་མཁྲེག་པོ་Hard Concrete ལས་བཟོས་པའི་གྲུ་རེར་མི་ཀྲར་སྒང་རེ་ཡོད་པ་དེ་མཚོ་ངོགས་བྱེ་མེ་ནང་སྟར་བསྒྲིགས་ནས་ད་ལྟའང་མཇལ་རྒྱུ་འདུག འདི་མཚམས་ནས་མཚོ་ངོགས་བྲག་རོང་དང་ནགས་ཀྱི་འགོག་པའི་ཡར་འགྲོ་ལམ་མིན་འདུག
དེ་ནས་སྐར་མ་༣༠་མཚམས་ཀྱི་ལམ་ལ་cliffe castle and cliffe pool བལྟ་བར་སོང།
CLIFFE་CASTLE་ནི་འགྲོ་ལམ་དོག་པས་གནས་འདི་མཇལ་ཐུབ་མ་སོང། དེའི་ཉེ་འཁོར་ལ་Cliffe pool རྩ་ཐང་དང་ནགས་འདྲེས་མའི་གླིང་ཀ་ཞིག་འདུག དེ་ལ་སྐོར་བ་གཡུག་ཅིག་གིས་བསྐོར།
དེ་ནས་ཤར་མར་ Gravesend ཕྱོགས་ལ་ཕྱིན་ནས་གྲེཝ་སེན་ཏྲ་གཙང་པོ་ཐེམ་སེ་ཆུ་ངོགས་ལ་གོམ་བགྲོད་ལ་བཞུགས་ཏེ་ཆུ་ངོགས་ཀྱི་མཛེས་ཆོས་མྱོང་བཞིན་ཆུ་གྲམ་ནས་ཡར་ཆུ་མགོ་ཕྱོགས་ཀྱི་ལམ་སྣེ་བསུས།

གྲཝེ་སེན་ཏྲ་ནི་གྲོང་ནི་ལོ་རྒྱུས་ལྡན་པའི་གྲོང་རྙིང་ཤོས་གྲས་ཤིག་ཡིན་པ་ལོ་རྒྱུས་ཡིག་ཚང་ནང་གསལ། འདིར་ལོ་རྒྱུས་བྱུང་བ་རྣམས་འགོ་མོལ་མོལ་ཙམ་ལས་ཞིབ་ཁྲ་འགྲེལ་བར་དཀའ།
སྐབས་བབས་སུ་གྲེཝ་སེནཏྲའི་ལོ་རྒྱུས་གནད་འགའ་བཀོད་ན།
གནས་འདི་རྡོ་ཆས་དང་ལྕགས་སྤྱོད་དུས་རབས་ནས་མིའི་འགྲོ་བ་བྱུང་ཡོད་པ་གནའ་དངོས་ཤུལ་རྫས་དཔང་རྟགས་བརྙེད་ཡོད།
དབྱིན་ཇིའི་ལོ་རྒྱུས་ཡིག་ཚང་ཆེན་པོའི་དེབ་ཐེར་མིང་དྲོམས་དྲས་བུཀུས།་Domesday Book་ནང་གསལ་གནས་འདིའི་མིང་གྲེཝ་ཤམ་རྙེད། ཕྱི་དུས་རབས་ཉི་ཤུ་ནང་གྲེཝ་སེན་ཏྲ་ལ་གཅོད་སྒྱུར་བྱས། ད་ལྟ་གྲེཝ་སེན་ཏྲ་མུ་མཐུད་ནས་ཐོག་ནས་ཡོད་དོ།
གནས་འདི་ལ་དབྱིན་ཇི་རྒྱལ་ཁབས་ཀྱི་ཁྲོམ་ར་རྙིང་ཤོས་དུས་རབས་བཅུ་གཉིས་སྐབས་ནས་ད་ལྟའི་བར་མི་མཉམ་མུ་མཐུད་ནས་ཡོད།
དབྱིན་ཇི་དང་ཕ་རན་སི་བར་ལོ་བརྒྱའི་དམག་འཁྲུག་སྐབས་ད་ལྟའི་ཨསི་པེན་རྒྱལ་ཁབས་ཀྱི་གཞི་ཁའམ་རྒྱལ་སྲིད་ (ཀིང་གྲམ་ཨོཕ་ཀེས་ཏིལི་Kingdom of Castile) ཡིས་དཔུང་འཇུག་བཙན་འཛུལ་ཕྲོག་བཅོམ་འོག་ས་གནས་འདི་མེ་ལ་སྤུར་ནས་གྱོང་གུད་ཆེན་པོ་གཏོང་ངོ་།
མུ་མཐུད་གོམ་བགྲོད་རྒྱུད་རིམས་བཤད། ཆུ་འགྲམ་ནས་ཡར་སྐྱོད་བཞིན་པའི་སྐབས་ལམ་ཟུར་ཞིག་ན་ལོ་ལྔ་བརྒྱ་བརྒལ་བའི་ཆང་ཁང་རྙིང་པ་ཞིག་འཕྲད། ཡར་འཛུལ་ནས་ཆང་ཁང་འདི་བལྟ་བར་སོང། ཆང་ཁང་འདི་ཕྱིའི་ཁང་པའི་་རྣམ་པ་ནི་དེང་དུས་ཀྱི་བཟོས་བཀོད་བརྒྱན་པ་ལས་ལོ་ངོ་ལྔ་བརྒྱའི་ཁང་ཤུལ་དེ་ཙམ་མི་མངོན། ཕྱི་ནས་ཡར་འཛུལ་དུས་ཡར་སྐེ་འཛེགས་ལྔ་དྲུག་འཛེགས་ཏེ་མདུན་ཁང་ཆང་ཁང་དངོས་ནང་སླེབས། ནང་གི་རྣམ་པ་ནི་ཁང་པ་རྒྱ་ཁྱོན་གུ་དོག་པོ་ཁང་སྨིག་ཆུང་ཆུང་བྱང་གི་ཕྱོགས་ལ་Bar Counter་དེང་དུས་ཀྱི་མཛེས་ཆོས་སྤྲད་པའི་ཆང་སྒྲོམ་ནང་ཆང་སྣ་མང་གང་དགོས་བསྟར་བསྒྲིགས་ནས་འདུག བྷར་ནང་ལ་ཆང་གཡོག་བུ་གཉིས་དང་བུ་མོ་གཅིག་བཅས་མི་གསུམ་གྱིས་བྲེལ་ལ་ཚུབ་ཚུབ་གྱིས་སྣེ་ལན་བྱེད་ཀྱི་འདུག ཁང་མིག་ཆུང་ཆུང་འདིའི་ནང་མི་ཚོགས་གང་མང་འཛོམས་འདུག ཆང་ཉོས་མཁན་རྣམས་བང་བསྒྲིགས་ནས་སོ་སོའི་མཚམས་སྒུགས་ནས་ཡོད་པའི་མཚམས་དེ་ནས་ང་ཡང་བང་ལ་བཞུགས། ནང་གི་ཁང་མིག་གཞོག་གི་རྩིགས་པ་དང་ཐོག་པང་གི་མདུང་མའི་སྒྲོམ་གཞི་ལ་བལྟས་ན་ཁང་པ་རྙིང་པ་ཡིན་པ་ད་གཟོད་སྣང་བ་ཤར།
ཆང་ཁང་འདིར་འགོག་མི་ཐུབ་པའི་ཆང་ཁང་ནང་ཤོར་ཡོང་བ་ནི་ཆང་ལ་དགའ་སྦྲགས་ནས་མིན། ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་ཙང་སོ་སོ་རང་ཉིད་ཀྱང་ཆང་ཁང་འདིའི་ལོ་རྒྱུས་དང་མཐུད་བྱ་ཆེད་ཆང་ཁང་ནང་བཞུགས། རིམ་པས་ངའི་བག་རིམས་ལ་སླེབས།
ངས་བིར་ཆང་བསིལ་མ་ཞིག་ཉོས་ཏེ་སྐྱེམ་ཆང་ཧུབ་སྒང་འཐུང་གཞོར། དྲ་རྒྱའི་ནང་ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཞིག་བྱས།
སྤྱིར་སྟངས་སྐབས་བབ་གྱི་དོན་གནད་དང་འབྲེལ་བ་གང་ཡང་མེད་དེ། ལོ་ལྔ་བརྒྱའི་སྐབས་དེ་ལ་མི་ཚོ་ཆང་འཐུང་ནས་སྐྱིད་པོ་བཏང་སྟངས་དང་དབྱི་ཇིའི་སྤྱི་ཚོགས་དང་བོད་ཀྱི་སྤྱི་ཚོགས་གཉིས་བར་ཤིབ་བསྡུར་གྱི་ཁྱད་པར་ཤེས་འདོད་འབྱུང།
ལོ་ལྔ་བརྒྱའི་གོང་ལ་བོད་དེ་དགའ་ལྡན་ཕོ་བྲང་གི་དབང་ཆ་འགོ་ཚུགས་པ། ༧རྒྱལ་བ་ལྔ་པའི་སྐབས། རི་བོ་དགའ་ལྡན་པའི་བསྟན་པ་རྒྱས་པའི་སྐབས་འཁེལ་འདུག དེ་དུས་བོད་ནང་འཁུལ་ལ་ཆོས་ལུགས་ཀྱི་ཞ་མོའི་ཁ་མདོག་གིས་འགྲན་རྩོད། ཆབ་སྲིད་ཀྱི་གནས་སྟགས་ཕྱིའི་སོག་པོ་དང་མིང་གོང་མའི་འདྲེ་ལག་སྐྱོང་བའི་སྐབས་འཁེལ་འདུག
གང་ལྟར་དེ་རིང་ངས་ལོ་རྒྱུས་ལྡན་པའི་ཆང་ཁང་དེའི་ནང་བིར་ཆང་སྒང་འཐུང་རྒྱུ་བྱུང་བ་འདིས་སྐབས་འབབ་ལུས་ངལ་གསོ་བ་དང་ཆང་ཁང་འདི་དྲན་རྟེན་ཞིག་ཏུ་བཞག། དྲན་རྟེན་གྱི་ཆང་གྲང་བསིལ་བསིལ་འཐུང་རྗེས་གོམ་བགྲོད་ཀྱི་བྱ་སྒོ་ཡང་དེ་ནས་མཇུག་བསྒྲིལ།
དེ་ནས་སྐར་མ་༢༠་ལམ་བར་གྲོང་སེབ་མིང་ཤོར་ཝན་Shorne ལ་སྔོན་ནས་གོ་སྒྲིག་ཟིན་པའི་ Air Bnb གླ་ཡོད་དེར་སོང།
དེ་ན་འཁྲུས་བྱས་རྗེས་ནང་ནས་འཁྱེར་ཡོད་པའི་བྲས་དང་ཚོས་མ་དང་དྷལ་སོགས་བཟོས་ནས་དགུང་ཚིགས་དང་དགོང་ཟས་གཅིག་ཅོག་དུས་གཅིག་ལ་རོལ། དེ་མཚམས་ན་ལུས་ཐང་གང་མཚམས་གསོས་གཉིད་ཡང་བྲོ་རྐང་པ་རྐྱངས་ནས་རྨི་ལམ་གྱི་ཞིང་ལ་གཤེགས་སོ།།
ཕྱི་ཉིན་ཞོགས་ཟས་རྗེས་ཉེ་འགྲམ་མྱུལ་ཞིབ་ཀྱི་གྲོང་མྱུལ་འདི་ Charles Dicken་ཅལས་དྲིཀ་ཀེན་དུས་རབས་བཅོ་བརྒྱད་་༡༨༡༢་འགོ་སྟོད་ལ་འཁྲུངས་པའི་དབྱིན་ཇིའི་རྩོམ་རིག་རྒྱུ་རྩལ་གྱི་མཁས་དབང་སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་ས་གྲགས་ནམ་གྲགས་ཡོད་པའི་ཁོང་གི་གྲོང་སེབ་ཀྱི་ཁྱིམ་གཞི་ཞིག་ང་མཚན་ཞག་སྡོད་སའི་གྲམ་ན་འདུག ང་སྡོད་གནས་འདི་ནས་མོ་ཀྲས་སྐར་མ་༤་མཚམས་ན་འདུག འདི་ལ་བལྟ་སྐོར་སོང།
སྐབས་བབས་སུ་ཅལས་དྲིཀ་ཀེན་གྱི་རང་རྣམ་སྐོར་ལ་སྡུས་ཙམ་ཞིག་ཞུས་ན། ཁོང་དུས་རབས་བཅོ་བརྒྱད་འགོ་སྟོད་སྤྱོ་ལོ་༡༨༡༢་Portsmouth པོཏས་མཝུཏཐ་ལ་སྐུ་འཁྲུངས། ༡༨༧༠་ལོར་Gads hill Place གོཀྲས་ཧིལ་པཡ་ལཧས་ལ་སྐུ་གཤེགས། ཁོང་མི་ལོ་༥༨་མི་ཚེ་དུས་ཡུན་ནང་དཔེ་དེབ་བརྗོད་བྱ་འདྲ་མིན་སྒང་དེབ་གྲགས་༢༦་ལྷག མི་ཐོག་རྗེས་མ་ལ་ལེགས་སྐྱེས་སུ་བཞགས་གནང་འདུག།
བརྩམས་ཆོས་དེ་དག་གི་ནང་ནས་གུས་པས་བཀླགས་མྱོང་བ་དང་རྒྱུད་མངའ་ཡོད་པའི་རྩོམ་ “A Tale of Two Cities” [གྲོང་ཚོ་གཉིས་ཀྱི་གཏམ་རྒྱུད་]དེབ་མིང་རང་མོས་དོན་སྒྱུར་ཡིན] དང་ “Oliver Twist” དྭ་ཕྲུག་ཨོ་ལི་ཝར་ཀྲུཝས་དེ་གཉིས་ཡིན།
གོང་གི་གྲོང་ཚོ་གཉིས་ཀྱི་གཏམ་རྒྱུད་ནི་སྐབས་དེ་དུས་ཕ་རན་སིའི་གསར་བརྗེ་སྐབས་ཕ་རན་སིའི་རྒྱལ་ས་པེརིས་ཀྱི་ཡ་ང་བའི་སྤྱི་ཚོགས་ཀྱི་གནས་སྟངས་དང་དབྱིག་ལེན་རྒྱལ་ས་ལོན་དྲོན་གྱི་ཕུལ་འབྱུང་གི་གནས་སྟངས་འགྲེལ་བའི་དངོས་འབྱུང་གི་ལོ་རྒྱུས་ཀྱི་ཟིན་ཐོའི་དཔེ་དེབ་ཞིག་ཡིན།
ཨོ་ལིཝར་ཀྲུཝས་ནི་ལོན་དྲོན་ནང་ཚར་ལོང་བྱུང་བའི་དྭ་ཕྲུག་ཞིག སྤྱི་ཚོགས་ཀྱིས་དབྱེ་འབྱེད། བཤུ་གཞོག སྐབས་དེ་དུས་ཀྱི་སྤྱི་ཚོགས་མཐོ་དམན་གྲལ་རིམ། ཡིད་སྐྱོ་བའི་དྭ་ཕྲུག་ཞིག་གི་མི་ཚེའི་ལོ་རྒྱུས་ཤིག་གི་སྟེང་ནས་ལོན་དྲོན་གྱི་སྤྱི་ཚོགས་ཀྱི་རང་མདངས་མངོན་སུམ་རྗེན་པར་མཚོན་པའི་དངོས་བྱུང་ལོ་རྒྱུས་ཤིག་ཡིན།
དཔེ་དེབ་དེ་དག་དང་འབྲེལ་བ་ཡོད་པའི་ཉམས་མྱོང་དབང་གིས་གུས་པ་ས་གནས་ལ་ཡོད་སྟབས་ངེས་པར་ཏུ་ཁོང་གི་གནས་གལ་ཆེན་འདི་མཇལ་འདོད་ལྷག་པར་བྱུང། གནས་འདི་ད་ཆ་སློབ་གྲྭ་ཞིག་གི་ངོ་བོར་གྱུར་ནས་སྔོན་གྱི་གནས་ཁང་མངོན་རྒྱུ་མིན་འདུག ཡིནའང་འདིའི་མཚམས་ལམ་ཆེན་གཡོན་ཕྱོགས་ལ་ཡིག་བྱང་ལྕགས་ཀྱི་ཀ་བ་རིང་པོ་རྩེ་མོ་ལ་ལོ་རྒྱུས་ཀྱི་མི་སྣ་འདིའི་དཔར་རི་ལག་འབྲི་མ་དང་མིང་འཁོད་གཡས་གཡོན་མེ་ཏོག་ཁོག་མས་བརྒྱན་པ་ཞིག་འདུག་གོ།
དེ་ནས་ལམ་ཞོར་གྷེཝ་སེནཏྲ་ལ་སོང། དེ་ལ་དམིགས་བསལ་བལྟ་དགོས་པའི་གནས་ཆེན་[སིག་ཆོས་ལུགས]ཀྱི་ལྷ་ཁང་སྙན་གྲགས་ལོ་རྒྱུས་ལྡན་པ་ཞིག་མཇལ་ཏུ་ཆས།
ལྷ་ཁང་འདིའི་སྒྲུབ་ཆ་ནི་དུས་རབས་ལྔ་བཅུའི་སྐབས་ནས་སིག་མི་རིགས་ས་གནས་འདིར་སླེབས་འགོ་བཙུགས། མི་རིགས་ཀྱི་གོམས་གཤིས་དང་ཆོས་ལུགས་ལ་དད་གུས་ཀྱི་ས་གནས་ལ་ཕྱག་མཆོད་འབུལ་གྱི་བྱེད་སྒོ་རིམས་པས་དབུ་ཚུགས་ཏེ་ཐོག་མར་གནས་གཡར་ནས་བྱེད་སྒོ་བསྒྲུབས། ཕྱི་རིམ་པས་ཡར་རྒྱས་གོང་འཕེལ་མི་འབོར་འཕེལ་རྒྱས་ཀྱི་དགོས་འཁོ་ལ་རྟེན་ནས་གནས་འདི་ས་གནས་སིག་མི་དམངས་རང་ངོས་ནས་ཞལ་འདེབས་དང་གཏོང་ཕོད་ཅན་རྣམས་ནས་མ་དངུལ་བསྒྲུབས་ཏེ་བླུ་ཡོན་ཞུས། གནས་འདི་རྒྱ་ཁྱོན་ཨ་ཀར་བརྒྱད་དང་ཕྱེད་ཀ་ཡོད། སིག་གི་ལྷ་ཁང་འདི་འཛམ་གླིང་ནང་སིང་གི་ཆོས་ལུགས་བྱུང་གནས་རྒྱ་གར་གྱི་ཕྱི་ལོག་གི་ལྷ་ཁང་ཆེས་ཤོས་ཤིག་ཡིན་པར་འདོད། དངོས་འབྲེལ་ལྷ་ཁང་འདི་རྒྱ་ཁྱོན་ཆེ་བ་གུ་ཡངས་པ་བལྟ་ན་སྡུག་པ་མཐའ་མཚམས་སྤངས་ལྗོངས་མེ་ཏོག་གི་ལྡུམ་རའི་བསྐོར་བ་བརྗིད་ཆགས་པ་ཞིག་འདུག
མདུན་གྱི་ལམ་ཆེན་མཚམས་ན་སིག་གི་ཆོས་ལུགས་དང་རིག་གཞུང་འདྲེས་མས་ལྡེབ་བཀོད་རི་མོས་བརྒྱན་པའི་བཀག་སྒོ་ཆེན་པོ་ཞིག་བརྩིགས་ནས་འདུག དེའི་མདུན་ཐང་འདིར་མོ་ཀྲ་བརྒྱ་དང་དྲག་ཅུ་ལྷག་གཤོང་བའི་འབབ་ཚུགས་འདུག འབབ་ཚུགས་ནང་མ་དང་ཕྱི་མ་གཉིས་ནས་ནང་མའི་མཚམས་ན་ས་ཕགས་ཀྱི་ལྕགས་རི་། ནང་མའི་མཚམས་ནས་རྡོ་ཀ་མ་རུ་པའི་རྡོ་ཅག་སྒྲིག ནང་སྒོ་ནང་མའི་གཡས་དང་གཡོན་ལ་ཆུ་མཆོད་ཀྱི་མཛེས་ཆོས་བརྒྱན་པའི་ཆུ་འཐོར་ཆུ་གཞོང་གཉིས་ཀྱི་བརྒྱན། དེ་ནས་ནང་སྒོ་ནང་མའི་གཡས་ཕྱོགས་ན་ལྷམ་འཇོག་བྱེད་ཁང་དམིག་་ནང་ལྷམ་སྒྲོམ་བརྒྱ་ཕྲག་གིས་བསྟར་སྒྲིག་ནས་འདུག མདུན་ངོས་འདི་ལ་འདུ་ཁང་རྒྱ་ཁྱོན་ཡངས་པ་ཞིག་འདུག འདིའི་གཡོན་ཕྱོགས་ནས་ཡར་སྐས་འཛེགས་གཞེང་རྒྱ་མི་ཀྲ་གསུམ་བཞི་ཅན་མ་དེའི་ངོས་ལ་རྒྱུ་སྤུས་དག་གི་རུམ་འདེན་གཏིང་པ་གཞོག་གཅིག་ལ་ལག་པ་འཇུ་བྱེད་ཤིང་གི་ལག་འཇུ་ཤིང་བཟོ་མཁས་པའི་ལག་རྩལ་མངོན་པ་གཟིགས་བརྗིད་ལྡན་པ་ཞིག་འདུག དེའི་མདུན་ངོས་ན་ཚོགས་ཁང་སྟེང་མ་འདི་ཡིན་འདུག དེ་ནི་གཞི་རྒྱ་ཆེ་ཞིང་ཞལ་ལ་ཡོངས་སུ་རང་སྒྲིག་རི་མོས་བརྒྱན་པའི་རུམ་འདེན་ཀླུབས་པ་དེའི་མདུན་མཐའ་མཚམས་ན་ཤེལ་གྱི་སྒེའུ་ཁུང་རིང་པོ་མི་ཚད་ལས་བརྒལ་བ་འགའ་བསྟར་སྒྲིག་ཡོད་པ་ནས་ཉི་འོད་ཕྲ་ལྷམ་མེད་འཚེར་ནས་གསལ་བྱ་དོད། དེའི་མཚམས་རང་ན་སིག་ཆོས་ལུགས་ཀྱི་དཔེ་ཁྲིའི་སྒྲོམ་སེར་ཤུན་རི་མོས་བརྒྱན་པའི་སྟེང་Guru Granth Sahib་གུ་རུ་གྷན་སཧེབ་དཔེ་ཆ་འདི་ཞལ་འབྱེད་ནས་འདུག འདི་ལ་ལུགས་སྲོལ་ལྟར་སིག་བླ་མ་ཞིག་གིས་ལག་ལ་ཡག་གི་མཇུག་མའི་བཟོས་པའི་གཡབ་མ་ཞིག་གི་མུ་མཐུད་ནས་གཡབ་བཞིན་མཆིས། ཡང་བླ་མ་གཞན་ཞིག་གིས་ཆོ་གའི་འདོན་པ་དབྱངས་སུ་འགེར་ནས་འདུ་ཁང་ཡོངས་སྒྲ་དབྱངས་བསྒྲོགས། མདུན་ཐང་ལ་ཆོས་ཞུ་འགས་སྒོམ་གྱི་རྣམ་པས་དམིགས་པ་རྩེ་གཅིག་པས་སྨོན་ལམ་འདེབས་བཞིན་པའི་རྣམ་པ་མངོན།
འདི་རིང་སྔ་ཐོག་ཡིན་སྟབས་ཆོས་ཞུ་བ་མང་པོ་མིན་འདུག
མཚམས་འདི་ན་སིག་གི་ལྷ་ཁང་ལ་མཆོད་མཇལ་སྐབས་ཤེས་དགོས་པའི་རྒྱུན་ཤེས་ངེས་ཅན་འགའ།
ཐོག་མར་ལྷམ་འཕུད་དགོས། ལྷ་ཁང་ནང་མ་བཞུགས་སྔོན་མགོ་ལ་རས་དཀྲི་དགོས། ལྷ་ཁང་ནང་ཅ་ཅོ་མེད་པ། མདུན་གྱི་དཔེ་ཁྲི་ལ་མགོ་འདུད་དང་ཕྱག་འཚལ་ཡང་རུང་རང་མོས། མདུན་གྱི་དཔེ་ཁྲི་ལ་མགོ་འདུད་ཞུས་པའི་སྐབས་དེ་མ་ཐག་ཁ་ཕྱིར་འཁོར་མི་ཉན། གོམ་པ་འགའ་ཕྱི་གཤོལ་བྱས་ཏེ་ཕྱིར་ཐོན་དགོས། མདུན་གྱི་དཔེ་ཁྲིའམ་མཆོད་གཤོམ་རྒྱབ་ལ་འཇོག་ནས་དཔར་རིགས་ལེན་མི་ཆོག ཕྱིར་ལོག་པའི་སྐབས་ཚོགས་ཀྱི་འབྱིན་རླབས་Karah Prasad ཀརྷ་པར་སད། འབྲས་རྩམ་དང་མར་ཁུས་བཟོས་པའི་ཚོགས་རྫས་ཤིག འདི་བཞེས་པའི་སྐབས་ལག་གཉིས་སྦར་མཐིལ་ཟུང་ནས་བཟད་དགོས། བྱུང་ན་ཞལ་འདེབས་འབུལ་ཐུབ་ན་ལེགས།
མཆོད་མཇལ་ཚར་རྗེས་རང་གནས་སུ་ཉིན་རྒྱབ་ཆུ་ཚོད་དང་པོ་ཡས་མས་ཤིག་ལ་བདེ་བར་ནང་ལ་འཁོར་རོ།།
དེ་རིང་གི་གོམ་བགྲོད་ནི་བདག་གི་གཙང་པོ་ཐེམ་སིའི་ཆུ་མགོ་འཚོལ་བ་དང་མཇུག་རྗེས་སྙེག་པའི་གཙང་ཆུའི་འབབ་ཁའི་འགྲོས་ཇི་ལྟར་བྱེད་དེ་བྱང་གི་རྒྱ་མཚོའི་ཁར་བཞུད་པའི་རྣམ་པ་མངོན་སུམ་མཇལ་ཐུབ་པའི་གོམ་བགྲོད་གལ་ཆེ་ཤོས་ནང་གི་གྲུབ་འབྲས་ལག་གསོན་བྱུང་བའི་གོམ་བགྲོད་ཞིག་ཡིན། དེ་རིང་གི་ཉིན་མོ་དགའ་་སྤྲོས་་འཁེངས་པའི་མི་ཚེ་ནང་བརྗེས་མི་སྲིད་པའི་ཉམས་མྱོང་གི་ཉིན་མོ་ཞིག་དྲན་པའི་ཡིད་ངོར་རི་མོའི་གཟུགས་སུ་བཀོད་དོ།
