ལྷོའི་མུ་འབྲེལ་ལ་བརྒྱུད་ལ་གོམ་བགྲོད་Southdown and Brighton Hiking

ཚེས་༢༩་ཉིན་hiking in london club་གོ་སྒྲིགས་འོག་ལྷོའི་མུ་འབྲེལ་ལ་བརྒྱུད་ལ་གོམ་བགྲོད་ལ་ཕྱིན་པའི་ཉམས་མྱོང།  

དེ་རིང་གི་གོམ་བགྲོད་ནང་ཁྱོན་བསྡོམས་མི་གྲངས་བཅོ་ལྔ་འདུག མི་རིགས་འདྲ་མིན་སྐད་རིགས་མི་འདྲ་བ་མང་ཆེ་བ་ཡུ་རོབ་དང་གླིང་ཕྲན་གཞན་ནས་ཡིན་འདུག

དབྱིན་ལེན་ནང་གྲགས་ཆེ་བའི་མུ་འབྲེལ་ལ་བརྒྱུད་ཆེན་པོ་གཉིས་ཡོད་པས།  བྱང་གི་མུ་འབྲེལ་ལ་བརྒྱུད་དང་ལྷོའི་མུ་འབྲེལ་ལ་བརྒྱུད་གཉིས་ཀྱི་ཡ་གྱལ་ལྷོའི་མུ་འབྲེལ་ལ་བརྒྱུད་ཀྱི་ངོས་སྤྲོས་དང་ཁྱད་ཆོས་དོར་ཙམ་ཞུས་ན།

མུ་འབྲེལ་ལ་བརྒྱུད་འདི་ནི་ཨི་ཅིང་ཝེ་ལི itchen valley ནས་ ཨིས་སུ་སེཀས སེ་ཝན་སིས་ཏར་East Sussex Seven sister coast ་བར་ལ་ལུང་ཆེ་མ་ཆུང་རིམས་ཀྱི་བསྟར་ཆགས་སུ་འབྲེལ་ནས་ཡོད། SevenSister coastal end point.ལ་མཇུག་རྒྱ་མཚོའི་ངོགས་བར་ཐུག་ཡོད།

མུ་འབྲེལ་ལ་བརྒྱུད་འདི་མི་ལོ་སྟོང་གི་རིང་མི་ལམ་རྟ་ལམ་མེས་པོ་རྣམས་ཀྱི་རྐང་རྗེས་བསུབས་ཏུ་མེད་པ་ཤུལ་རྗེས། ད་ལྟའང་ཕྲ་ལམ་མེར་ཡོད་པའི་རྐང་ལམ་འདིའི་སྟེང། ་ངས་མེས་པོ་རྣམས་ཀྱི་བརྒྱུད་མཐུད་དེ་མི་རབས་གསར་པ་མཐོ་སྒང་རྩམ་ཟན་མི་རབས་གཉིས་ཀྱིས་གྱང་མཆོད་པའི་ཡུལ་གྱར་བ་བོད་རིགས་ངས་རྐྱང་རྐང་པའི་རྗེས་ཞིག་འཇོག་སྟེས། ལ་སྐོར་གཡས་སྐོར་ཡུག་ཅིག་དང་གཡོན་སྐོར་ཡུག་ཅིག་ཕྱིན་པའི་བར། གཡས་ཕྱོགས་ཀྱི་ལ་ལུང་དང་གཡོན་ཕྱོགས་ཀྱི་ཡུལ་ལྗོངས་ཀྱི་མཛེས་ཆོས་ལ་མངོན་པར་ཉམས་སུ་མྱོང།

མ་གཞི་ནས་མི་ལོ་སྟོང་ནས་མི་རབས་ནས་མི་རབས་བརྒྱུད་ནས། གནས་འདིར་རྐང་བགྲོད་གྲངས་མེད་ཀྱིས་བཞུད་ཡོད་པའི་ལོ་རྒྱུས་ལྡན་པའི་རྐང་ལམ་རིང་མོ་འདིར། རང་རང་སོ་སོས་མདུན་ལམ། དམིགས་ཡུལ་ངེས་ཅན་རེ་འཁྱེར་ནས་གནས་འདིར་བསྐྱོད་ཡོད་གཤིས། བདག་ནི་དམིགས་ཡུལ་ངེས་ཅན་གྱིས་སྟོང་པས་དགའ་དགའ་སྤྲོ་སྤྲོ། འགའ་ཞིག་གིས་ངག་སྒོ་ནས་སྙན་འཇེབས་ལྷོ་མཐའི་ལ་བརྒྱུད་ཀྱི་ཁྱད་ཆོས་དང་། དྲ་རྒྱའི་ནང་གི་ཡིད་ཕྲོག་ངོ་སྤྲོད་དག་གིས་འགོག་ཏུ་མེད་པའི་འདུན་པས་གནས་འདིར་སླེབས།  གནས་འདི་དག་རང་གིས་དབང་ཤེས་དངོས་སུམ་མཚན་མས་མྱོང་སྐབས་ད་གཟོད་གནས་འདིར་ཡོང་དགོས་པའི་དགོས་དོན་གྲུབ་འདུག་བསམ་པས་ཡིད་ལ་ལྷག་པར་སྤྲོ་བ་བཏད།

གནས་འདི་ད་ལྟའི་བར་མི་མཉམ་རང་འབྱུང་ཁམས་ལ་གནོད་ཚད་མེད་པ། གསོན་པོར་བརྗིད་ཞིང་ཆགས་པ། ཡུལ་སྐོར་སྤྲོ་འཆམ་པས་དུས་ནས་དུས་སུ། ཡིད་སེམས་གཉིས་ནས་རང་དབང་མེད་པར་མངོན་པར་སྟོད་པའི་ཡུལ་དུ་གྱུར།

ལ་བརྒྱུད་འདི་ལ་ལ་སྐོར་འགྲོ་རྒྱུའི་ཆེད་བདག་གི་གྲོགས་པོ་བི་ཤོབ་ཟླ་བ་ལགས་ཚེས་༢༨་དགོང་མོ་ནས་ངའི་ནང་ལ་འབྱོར་ནས་ཡོད། ཁོང་ངེད་གཉིས་ཚེས་༢༩་ཞོགས་པ་སྔ་པོ་ནས་་Farrington station ལ་ཐོན་ནས་རི་ལི་འབབ་ཚུགས་འདིར་རྐང་བགྲོད་པ་གཞན་དང་ལྷན་འཛོམས་ཀྱི་དུས་སྟབས་ནས་Farrington to Brihgton train station ་བར་སྐྱོད།

ངེེད་གཉིས་ཆུ་ཚོད་༧་ཡས་མས་ཤིག་ལ་ནང་ནས་ཐོན།་ཆུ་ཚོད་༨་པར་Farrington Station ལ་འབྱོར། མི་རིང་བར་རྐང་བགྲོད་པ་གཞན་རྣམས་རིམས་ཀྱི་འབྱོར་སྟེ་ཆུ་ཚོད་༨་༣༠་ཐོག་ Thames link tain བརྒྱུད་ནས་Brightonབར་མེ་འཁོར་ནང་ཆུ་ཚོད་༡་དང་སྐར་མ་༤༥་སོང།

མེ་འཁོར་འབབ་ཚུགས་ནས་སླར་སྤྱི་སྤྱོད་གླང་འཁོར་ཨང་༧༧་འབབ་ཚུགས་Railway Bell pub on Surrey Street ནས་Devel’s dyke ལ་མགོ་བར་སྐར་མ་༤༥་ཙམ་འགྲོ་དགོས་འདུག

Devil’s Dyke ལ་མགོ་ལ་ཐོག་མར་འབྱོར་མ་ཐག་ཤར་ཕྱོགས་ཀྱི་མཛེས་ལྗོངས་མཇལ་བའི་སྐབས་རང་དབར་མེད་པར་མིག་གཉིས་སྦྲད་དེ་ལྷད་ཀྱིས་ལུས། ཨེ་མ་ངོ་མཚར་ཆེ་ངག་སྒོ་ནས་དབང་མེད་ཐལ།

ཡིནའང་ང་ཚོ་རྐང་བགྲོད་པ་ཚང་མ་འགྲོ་ལམ་ནུབ་བརྒྱུད་ནས་བསྟར་བསྒྲིགས་ནས་རྐང་བགྲོད་མགོ་བཙུགས།   དེ་ནས་ལ་གཞོང་རྩ་ཐང་ཡིན་པར་ཤིང་ནགས་ཐར་ཐོར་དཀྱིལ་ན། སྔར་གྱི་ཤུལ་ལམ་བརྒྱུད་ནས་སྣང་བ་གུ་ཡངས་པོས། བདག་ལ་གཞས་ཉན་བྱེད་སྐད་སྒམ་(Speaker) ནས་རྒྱ་གར་གྱི་གཞས་རྙིང་པ་ཞིག་ཉན་ནས་ལམ་སྣེ་བསུས་ནས་སོང།

མུ་མཐུད་ནས་ལ་ལུང་དེད་ནས་སྐྱོད་པའི་སྐབས། སྐབས་སྐབས་སུ་གནས་གུ་ཡངས་པོ་མིག་གིས་མཐའ་མི་མངོན་པ་སྤངས་ལྗོངས་ཡངས་པོར། རང་སྐྱེས་མེ་ཏོག་སྣ་མིན་འཚེམ་དྲུབ་མཁས་པས་མེ་ཏོག་གིས་བརྒྱན་པའི་གོས་ཆེན་འཚེམ་དྲུབ་མ། ཐང་ལ་གཡོག་པ་ལྟ་བུ་སྤང་ལྗོགས་ཡངས་པོར་ཡོངས། གཟབ་མཆོར་སྤྲད་པ་ལྟ་བུས་མིག་དབང་ལ་མངོན་པར་བྱས་ཏེ་ཡིད་ལ་སྤྲོ་བའི་ཚོ་བ་བྱིན།

སྐབས་སྐབས་སུ་ངེད་ཀྱི་རོགས་པ་ཟླ་བ་ལགས་མཉམ་ཁ་ཏ་གླེང་མོལ་འདྲ་བྱེད་དེ། རྐང་བགྲོད་པ་གཞན་གྱིས་རྗེས་བརྙེགས།

སྐབས་འདིར་བདག་གི་གྲོགས་རྙིང་ཟླ་བ་ལགས་ཀྱི་ངོ་སྤྲོད་དོར་ཙམ་ཞིག་ཞུས་ན། ཁོང་དབྱིག་ལེན་བྱང་ཤར་ཕྱོགས་སུ་གནས་སྡོད་བྱེད་མཁན་བོད་རིགས་རྙིང་ཤོས་གྲས་ཤིག་ཡིན། ཁོང་མི་གཤིས་བཟང་ཞིང་ངག་སྒོ་ཡངས་པ། མི་སུ་དང་འཕྲད་ཚེ་སྐད་ཆ་ཤོད་བདེ་བ་ལམ་དང་གྲོང་གང་སར་མིས་ཚོས་དགའ་མོས་བྱེད། 

ད་ཆ་ཁོང་མི་ལོ་དྲུག་ཅུའི་ལ་རྒྱབ་ཀྱི་ཕོ་རྒོད་ལུས་ཀྱི་ཕོང་ཚོད་བོད་མི་སྤྱི་ཡོངས་ཀྱི་ཚད་དང་ལྡན་པ། 

ངོ་གདོང་སྨུག་ལ་ཅུང་ནག་ཤེད་ཆེ་བ། བཞིན་རས་ལ་ལོ་ནའི་མཚན་མ་སྙེར་མ་འགའ་བརྒྱན་ཡོད་པ་དང། ཁའི་ཡ་སོ་ལ་གསེར་གྱིས་སོ་འཁེབ་གཅིག་ཡོད་པ། མགོ་སྐྲ་ལྟག་འཆིང(Pony trail)་དེའང་ན་ཚོད་ཟད་པས་ལྕང་ལོ་སྲབ་སྲབ་སྣུམ་ཞག་བྱིལ་བྱིལ་ཡོད་པ། རྟག་ཏུ་ངོ་གདོང་མཛུམ་གྱིས་འཁེངས་ཡོད་པའི་རྣམ་པ་ཅན་ཞིག་ཡོད།

ཡང་ཁོང་གི་རང་གཤིས་ཤིག་ནི་ལམ་མདོ་སྲང་མདོ་གང་དུའང་། མི་སུ་འཕྲད་རུང་ཁ་བསངས་ངོ་བསངས་ཀྱི་སྐད་ཆ་ཤོད་དགའ་པོ། དེའང་རང་ཉིད་བོད་པ་ཞིག་ཡིན་པའི་སྤོབས་ཉམས་ཀྱི་I am Tibetan་འདྲི་རྟགས་མེད་པའི་ངང་གིས་སྐད་བསང་མཐོ་བོས་སྨྲ་འགོ་བཙུགས་ནས། ལམ་ཟུར་གྱི་མི་དང་རང་བཞིན་འགྲོག་འདྲིས་དང་བོད་པ་ཡིན་པའི་ངོ་སྤྲོས་ངང་གིས་བྱེད།

མཚམས་འདིར་ཕྲོས་བཤད་དོར་ནས་རྐང་བགྲོད་བརྒྱུད་རིམས་གླེང་ན། ངེད་ཅག་རྐང་བགྲོད་པ་ཡོངས་སྤངས་ལྗོངས་ཡངས་པོ་ཕྱོགས་གསུམ་སྔོ་ལྗང་རུམ་གདན་གྱིས་བཏིངས་པ་ལྟ་བུ། མདུན་དང་གཡས་ཕྱོགས་གཡོན་ཕྱོགས། ལ་སྐེད་མཚམས་ནས་འགའ་ཤས་གཡས་ཕྱོགས་སུ་འགའ་ཤས་གཡོན་དང་འགའ་ཤས་མདུན་ངོས་སུ། སྤངས་ལྗོངས་ཡངས་པོར་འཆམ་འཆམ་སྐྱོད་བཞིན་རྒྱང་ནས་མཇལ། ང་ཚོ་རྐང་བགྲོད་པ་ཡོངས་གཅིག་གིས་གཅིག་རྗེས་བསྟར་བརྒྱུད་དེ། ལུང་གཤོངས་མདའ་ནས་ཡར་མདུན་གྱི་ལ་ལ་འཛེག་པའི་སྐབས། སྤངས་ལྗོངས་ཀྱི་ཁ་མདོག་ལྗང་ཁུས་འཕྲུལ་བྱས་ནས་སྣང་བར་རང་ཉིད་3Dགློག་བརྙན་བལྟས་པ་ལྟ་བུ། ཡར་བལྟས་ན་ནམ་མཁའ་དང་གཡས་གཡོན་དང་མདུན་ངོས་ཚང་མ་ཁ་མདོག་ལྗང་ཁུས་འཁེབ་ཡོད་པས་ཚོར་བ་མི་འདྲ་བ་ཞིག་གིས་ཡར་ལ་སྐེད་མཚམས་སུ་བྱོར། འདིར་ང་ཚོ་ཚང་མ་ཉིན་ཟས་བར་སེང་ལ་བཞུགས། ཉིན་ཟས་བཟོས་པའི་སྐབས་སུ་རྐང་བགྲོད་པ་ཡོངས་ངལ་གསོ་བཞིན། རང་རང་སོ་སོའི་ཉིན་རྒྱག་བཟོས་པའི་སྐབས། ལ་སྐེད་ནས་མར་ལ་གཤོངས་ལ་ཕྱིར་བལྟས་བྱས་ཏེ། གྲུ་གསུམ་སྤངས་གཤོངས་འདིའི་རྣམ་པ་ནི་ཧ་ལས་དགོས་པ་ངོ་མཚར་ཆེ་བ་ཡིད་ལ་ལྷག་པར་བསིམ་པ་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་མི་མངོན་པའི་ལྷ་ཡུལ་ནི་འདི་འདྲ་ཞིག་ལ་ངོས་བཟུང་དགོས་པར་སྙམ།

དེ་ནས་་ཉིན་ཟས་བར་སེང་གྲུབ་རྗེས་རྐང་བགྲོད་པ་ཡོངས་སླར་འགྲོ་ལམ་བསུས་ནས་སྔར་གྱི་ལམ་མདོ་ Devil’s Dyke ལ་མགོར་སླེབས། འདི་བར་གཡོན་གྱི་ལ་ལུང་ཆེ་མ་ཆུང་མང་དག་ཅིག་བརྒྱུད་ནས་་ཆུ་ཚོད་༣་ཙམ་བགོར།

ད་གོམ་བགྲོད་གཉིས་པ་འདི་Devil’s Dyke ལ་རྒྱབ་གཡས་ཕྱོགས་ཀྱི་ལ་ལུང་དེད་རྒྱུ་ཡིན་པས་ང་ཚོ་ཚང་མ་མུ་མཐུད། རྐང་བགྲོདཔ་ཚང་མ་་བསྟར་བསྒྲིགས་ནས་ལ་སྐེད་མཚམས་ནས་འཁྲིད་སོང།

གཡས་ཕྱོགས་ཀྱི་ཡུལ་ལྗོངས་ནི་དེ་ལས་ལྷག་པའི་མཛེས་སྡུག་ལྡན་པ་ཞིག་མངོན། ལ་སྐེད་མཚམས་ནས་མར་ལུང་ལ་བལྟས་པས་འོག་གི་ལ་མཇུག་མཚམས་སུ། གྲོང་སྡེ་ཡིད་དུ་འོང་བ་གནའ་ཤུལ་མི་ཉམས་པའིPoying village མངོན།

འདི་ནས་ང་ཚོ་རྐང་བགྲོད་པ་རྣམས་ལ་སྐེད་བཅད་དེ་བྱང་གི་ཕྱོགས་སུ་ཁ་ཕྱོགས་ནས་སོང་། དེ་ནས་མི་རིང་བར་རིམས་བཞིན་མར་ལ་མཇུག་གི་ལམ་སྣེ་དེད་ནས་སྐྱོད་སྐབས་འོག་གི་ལ་མཇུག་ལའང་གྲོང་སྡེས་Fuking Village མཇལ། གྲོང་སྡེས་འདིའང་གནའ་ཤུལ་མི་ཉམས་པ་ལོ་ངོ་སྟོང་གིས་རྡོ་བཙིགས་ཁང་རྙིང་དང་རྒྱང་རོ་ཐར་ཐོར་ཏུ་རྒྱང་ནས་མཇལ། ང་ཚོའི་འགྲོ་ལམ་ནི་ལ་མཇུག་མཚམས་ནས་སྐྱོད་པ་ལས་མར་ལུང་ལ་འགྲོའི་མིན་འདུག 

ངའི་ལམ་གྲོགས་ཟླ་བ་ལགས་ཡང་ཡང་གྲོང་ནང་འགྲོ་རྒྱུ་བྱུང་ན་ཅི་སྙམ་པའི་འཚོར་ཤུགས་ཆེན་པོ་འདུག

རྒྱུ་མཚན་ནི་ཁོང་གྲོང་སེབ་ནང་ལ་བིར་ཆར་དམ་བི་གང་འཐུང་རྒྱུར་སྐོམ་འདོད་ལངས་འདུག དེ་ནི་ང་ཚོའི་རྐང་བགྲོད་པའི་དུས་ཚིགས་ནང་ལ་མེད་སྟབས་བསམ་རུང་བྱ་ཐབས་བྲལ།

རིམས་བཞིན་ལ་མགོའི་མཚམས་ལ་བྱོར། ལ་མགོ་ནི་འཁོས་ཡངས་པ་གཞོག་གཅིག་ལ་སྤངས་ཐང་ཡངས་པོ་གཞོག་གཅིག་ལ་ནས་ཞིང་རྒྱ་མཐའ་མི་མངོན་པ་སྤངས་ཐང་དང་ནས་ཞིང་གི་མཚམས་ནས། མི་ལམ་ཆེན་པོ་ཞིག་་བརྒྱུད་ནས་སྐྱོད་པའི་སྐབས་ལྷོ་ཕྱོགས་སུ་བལྟས་ན། མཐའ་མི་མངོན་པའི་རྒྱ་མཚོའི་མཐར་གནམ་གྱི་མཐའ་མཚམས་་གསལ་ལ་མི་གསལ་བའི་རླུང་ཤུགས་ཀྱི་གློག་འཕྲུལ་རླུང་འཁོར་འགའ་བསྟར་བསྒྲིགས་ནས་ཡོད་པ་མཇལ།

བྱང་གི་ཕྱོགས་སུ་བལྟས་ན། ནས་ཞིང་སྙེས་མ་ལྡེམ་ལྡེམ་མཐའ་མི་མངོན་པ་དེའི་མཐའ་ན། ཚང་ཚིག་ནགས་ཀྱི་མཐའ་མཚམས་ནས་ལོན་དོན་རྒྱལ་ས་གསལ་ལ་མི་གསལ། ན་བུན་བསེབ་ནས་མཐོང།

རྐང་བགྲོད་རྒྱུས་རིམས་ཡང་སྐབས་རེ། མར་ལུང་ལ་འབབ་སྐབས་རེ་ཡར་ལ་ལ་འཛེག ཡར་འཛེག་མར་འབབ་གཉིས་ཀྱིས་ལ་ལུང་མང་པོ་དེད་ནས། ཡུལ་ལྗོངས་ཁོ་ནར་སྣང་བ་གཏད་ནས་སྐྱོད་པའི་སྐབས། ཡུལ་ལྗོངས་ཀྱི་མཛེས་སྡུག་ནི་མངོན་གནས་བདེ་སྐྱིད་ཀྱི་གཞིས་མ་་ཞིག་ཡིན་པ་དང་། དེའི་སྤྲུན་པའི་བདེ་སྐྱིད་ཀྱི་ཚོ་བ་དེ་ནི་སེམས་གསོ་བའི་སྨན་ཞིང་ཏུ་གྱུར་། 

དེ་ནས་མི་རིང་བར་ཆུ་ཚོད་༣་༣༠་ཡས་མས་སོང་མཐར་སླར་Devel’s Dyke མཚམས་སུ་འབྱོར།

སྐབས་འདིར་རྐང་བགྲོད་པ་ཡོངས་ཉིན་སྒང་གིས་ལུས་ཐང་ཆད་པ་དང་། ཁ་སྐོམ་པས་བྲེལ་བྲེལ་ངང་ནས་Devel’s Dyke Pub་ཆང་ཁང་ནང་ཤར་མར་རྒྱུགས་ནས། རང་རང་སོ་སོའི་འདོད་མོས་ལྟར་ཆང་ཉོས་བཞིན་མཆིས།  སྐབས་སུ་ངས་ང་ཚོའི་སྣེ་ཤན་པ་གཟའ་མི་གཉིས་ལ་སྐྱེམ་ཆང་ཞིག་སྒྲོན་རྒྱུར་རེ་སྐུལ་ཞུས་པས། ཁོང་གཉིས་ནས་འདང་ལེན་གནང་མ་སོང་སྟེ་ངས་སླར་ཨུ་ཚུགས་ཞུས་པས་ཞལ་བཞེས་གནང། དེ་རིང་གི་སྐྱེམ་ཆང་འདི་རྣམ་པ་གཉིས་ལ་ངེད་གཉིས་ཀྱིས་ཐུགས་རྗེས་ཆེ་ཞུ་རྒྱུའི་སྐྱེམ་ཆང་ཡིན་ཞུས། གཉེས་པོ་མཆོད་རོགས་ཤེས་ང་ཚོ་ཚང་མ་ཕྱི་ལོག་གི་ཅོག་ཙེ་སྟེང་བསིལ་ཆང་ལ་རོལ་སྟེ་ཅི་ཀྲོལ་མོས་ཀྲོལ་གྱི་སྣང་བ་ལྷོད་ལ་འབབ།

བར་སེང་ཆུ་ཚོད་༤༥་མཚམས་ལ་སྤྱི་སྤྱོད་གླང་འཁོར་ཨང་༧༧་སླར་Devil’s Dyke འབབ་ཚུགས་སུ་བྱོར།  ང་ཚོ་ཚང་མ་འདིར་ཞུགས་ནས་Brighton Beach མཚོ་གྲམ་བར་སོང། ང་ཚོའི་རྐང་བགྲོད་པ་མང་དག་ཅིག་མཚོ་གྲམ་ལ་འཆམ་འཆམ་་ལ་བཞུགས་སོང།  ངེད་གཉིས་སྔ་རོལ་ནས་འཆར་གཞི་ལྟར་མཚོ་གྲམ་ལ་གོང་སྡོད་བྱ་རྒྱུ་ཡིན་པ་དང་ཟ་ཁང་The Hope Hotel 34 Marine Parade གླས་ཡོད་པས། ཟ་ཁང་ནང་ཤར་མར་སོང། འདི་མཚམས་སུ་ས་གནས་ལ་ཞུགས་མཁན་བོད་རིགས་གྲོགས་པོ་རྙིང་པ་དར་རྒྱས་ལགས་ཆེད་མངགས་ནས་ངེད་གཉིས་ཐུག་ཀར་བྱོར་འདུག ཟ་ཁང་ནང་འབྱོན་པ་དང་འཚམས་འདྲིས་བསུ་བ་་ཆབས་ཅིག གླེང་མོལ་འགོ་བཙུགས་ཞོར་ངས་རྒྱོག་པོ་འཁྲུས་ཤིག་བྱེད་དེ་ང་ཚོ་ཚང་མ་སླར་ཕྱིར་ཐོན་སྟེ་ལམ་ཟུར་ནས་ཆང། ཤ་དང་ཟ་རིགས་སྣ་མང་ཞིག་ཉོས་ཏེ་རྒྱ་མཚོའི་ཁར་ངལ་བསོ་བར་སོང།  

སྐབས་དེ་དུས་གནམ་གཤིས་ཉི་མ་སྤྲིན་པས་བསྒྲིབས་ནས་གྲང་ལྷགས་འཇམ་པོ་གྲང་སིལ་སིལ་ཞིག་ལྡང་བས། གྲང་སྡུག་གི་ཚོར་ཤུགས་ཆེན་པོས་གནོན་པས་མཚོ་ཁར་སྐྱིད་སྣང་གང་མ་བྱུང། ཡིནའང་ངས་ལམ་སེང་གོང་ཟས་ཟོ་བའི་གྲ་སྒྲིག་བྱེད་ཞོར། དར་རྒྱས་ལགས་ངང་པ་ཆུ་དང་འཕྲད་པ་ལྟར་ཆུ་ལ་མཆོང་སྟེ་ཆུ་རྩེ་ལ་རོལ། སྐབས་བབས་སུ་ངེད་གཉིས་བིར་ཆང་ཤེལ་དམ་ཁ་ཕྱེས་ནས་སྐོམ་ཆང་བསིལ་མ་གྲང་སིལ་སིལ་ཁྱུར། འདི་མཚམས་སུ་ངས་ཁོང་གཉིས་དགོང་ཟས་ཤ་སྲེག་Beef Steak་དང་ང་རང་ལ་ཤ་མེད་གྲང་འཚལ་རྒྱོག་ཐུག་བཅས་བཟོས་འཚམས་སུ་དར་རྒྱས་ལགས་ཆུ་ནས་ཐོན་ནས་སླེབས།  གནམ་གཤིས་གྲང་མོ་འདིར་རྒྱ་མཚོའི་ནང་ཆུ་རྐྱལ་རྩེ་བའི་རྣམ་པ་འདིར་ཁོང་རང་ལ་གྲང་ཚོར་གང་ཡང་མེད་ནའང་། ངའི་ལུས་པོ་ཡོངས་དར་སིལ་སིལ་གྱི་ཚོ་བ་སྟེར། དེ་ནས་ང་ཚོ་ཚང་མ་དགོང་ཟས་ཟ་བ་དང་ཆབས་ཅིག་བོད་གཞས་རྙིང་པ་སྒྲ་སྒམ་ནས་

ང་ཚོ་བོད་ཀྱི་འབྲོག་པ། 

ཟ་རྒྱུ་འཐུང་རྒྱུ་ཞིམ་ལ། 

ཕྱུར་བ་མར་དང།

གཡག་ཤ་བཅུད་ཡང་ཆེ། གཞས་ཚིག་དང་གཞས་གཏོང་མཁན་བློ་བསྟན་རྣམ་གླིང།

ང་ཚོ་ཚང་མ་མཉམ་དུ་གླུ་ལེན་པ་དང་བིར་ཆང་འཐུང་བཞིན་དགའ་སྤྲོས་གཏམ་གླེང་བྱས།

སྐབས་འདིར་ཚོར་སྣང་ལ་ཡུལ་གྱར་བའི་བོད་པ་ཞིག་མི་རིགས་ཀྱི་ལ་རྒྱ་དང་གྲོགས་པོའི་དམ་ཚིག་དུས་ཀྱི་ལྟེས་དབང་གནས་སྟངས་མང་པོ་ཞིག་གི་དབང་གིས་སྡོད་ས་མི་གཅིག་ལ་ལུང་ལེ་དབར་མང་པོས་བར་ཆོད་པས་གླུ་བུར་རྒྱ་མཚོའི་ཁར་ཐུག་འཕྲད་ནི་ཆུ་ངོགས་གཏམ་རྒྱུས་ཀྱི་སུང་ཅང་ལེན་ཧྲན་མཚོ་གླིང་ལ་མནའ་བཞག་གྲོགས་པོ་ཚོ་དང་འཕྲད་པ་ལྟ་བུའི་རྣམ་པ་མངོན།

ཡིནའང་གནམ་གཤིས་གྲང་མངར་ཇེ་ཆེར་སོང་བས་ཡུན་ཞིག་སྡོད་དགོས་བསམ་རུང་གྲང་མངར་བཟོད་ཐབས་བྲལ། དེ་ནས་སླར་ཟ་ཁང་ནང་ཕྱིར་འཁོར་ཁོང་གཉིས་ཆང་ཁང་ནང་བསྐྱོད། ང་རང་ངལ་གསོ་ཆེད་གཉིད་ལ་ཡུར། འདི་བར་ཉིན་དང་པའི་རྐང་བགྲོད་པའི་བྱེད་སྒོ་མཇུག་བསྒྲིལ་སོང།

མཚམས་འདིར་དར་རྒྱས་ལགས་ངོ་སྤྲོད་དོར་ཙམ་ཞུས་ན། ཁོང་ས་གནས་འདིར་ཞུགས་མཁན་བོད་པ་འགའ་ཤས་ཡོད་པའི་ནང་ནས་བདག་དང་འབྲེལ་འདྲིས་ཡོད་པའི་ངོ་ཤེས་རྙིང་པ་ཞིག་ཡིན། 

 ཁོང་ལོ་ན་ལྔ་བཅུ་བརྒལ་བའི་ཕོ་རྒོད་བྱད་གཟུགས་ཅུང་ཆུང་ཉམས་དོད་པ། ངོ་མདོང་སྨུག་མདངས་འཕྲོ་བའི་སྟེང་། ཁ་སྤུ་སྨ་ར་སྲབ་སྲབ་ཀྱིས་བརྒྱན་པ། ཨོག་ཚོམ་སྤུ་དཀར་ནག་འདྲེས་མས་རིང་པོ་རང་མེད་པ་མཛུམས་མདོང་ཡོད་པའི་རྣམ་ཅན་ཞིག་ཡོད། ཁོང་གི་རང་གཞི་སྨྲ་བ་ཉུང་བ་དྲི་བ་དྲིས་ན་ལན་བཏབ་པ་ལས་དོན་མེད་ངག་འཆལ་མི་སྨྲ་བའི་ངང་ཚུལ་མངོན།  མི་གཤིས་བཟང་བ་ངང་རྒྱུས་རིང་བ་གྲོགས་པོའི་དམ་ཚིག་སྲུང་ཐུབ་མཁན་གྱི་ཕོ་རྒོད་ཞིག་ཀྱང་ཡིན།

ཕྱི་ཉིན་ཚེས་༣༠་ཉིན་ཟ་ཁང་འདི་རང་ལ་English Breakfast ཞོགས་ཟས་ཟོས་ཏེ་ཆུ་ཚོད་༩་མཚམས་ལ་Brighton Marine parade ལམ་ཆེན་གཡས་ཕྱོགས་ན་ Southdown གྱི་ལ་མཇུག མར་གཡོན་ཕྱོགས་ན་English channal རྒྱ་མཚོའི་ངོགས་ཀྱི་བྲག་འགོའི་སྟེང་ན་མི་ལམ། རྐང་འཁོར་ལམ། གནའ་ཤུལ་ལམ་རྙིང་ལམ་གསུམ་སྒྲིག་ཅན་ཡོད་པའི་སྟེང་ནས། གང་དགའ་གང་འདོད་འདེམས་ཏེ་སླར་རྐང་བགྲོད་ཡུལ་ལྗོངས་ཀྱི་མཛེས་སྡུག་མྱོང་བར་ཤར་ཕྱོགས་སུ་ཆས།

གོམ་བགྲོད་སྐབས་ཡར་གཡས་ཕྱོགས་ན་བལྟ་ན་སྡུག་པ་Southdown གྱི་ལ་མཇུག སྤངས་ལྗོངས་དང་ནས་ཞིང་འདྲེས་མས་མཛེས་སྡུག མར་སྦྲག་འོག་ནས་མུ་མཐའ་མི་མངོན་པའི་རྒྱ་མཚོ་དང་དེའི་གྲམ་རྒྱ་ཚོའི་ངོགས་ལ། གྲུ་གཟིགས་ཆེ་མ་ཆུང་མང་པོས་བསྟར་བསྒྲིགས་ནས་ངལ་གསོ་བའི་རྣམ་པ་མངོན།

འདི་ནས་ཡར་ལམ་གཞུང་དེད་ནས་སྐྱོད་པའི་སྐབས་southdown གྱི་ལ་མཇུག་གི་རྩེ་མོ་ཟུར་ནས་བལྟས་ན། སོག་ལེ་ལེབ་མོ་ངོས་རྩེ་རྒྱ་མཚོའོ་ངོགས་ལ་ཕྱོགས་པ་ས་དཀར་བྲག་གཟར་སོག་ལེའི་རྣམ་པ་འདྲ་བ། དེའི་སྟེང་ལ་སྤངས་ལྗོངས་ཀྱི་རྩེ་མོ་འགའ་ཤས་སྟེང་ཁང་ཁྱིམ་ཐར་ཐོར་མངོན། དེའི་ཟུར་ཡང་གཅིག་གིས་རྒྱབ་ལ་གཅིག་བསྟར་སྒྲིག་པའི་རྣམ་པ་འདིས། ས་དཀར་བྲག་གི་ཟུར་གྱི་རྩེ་མོ་འདི་ལ་གང་རྒྱོག་འབྱོར་ཐུབ་པའི་རེ་མདུན་དང་། ལ་མཇུག་བྲག་གཟར་གཅིག་གིས་རྗེས་གཉིས་པ་འདི་ལ་སྐྱོད་རྒྱུའི་སྤྲོ་བ་འཁོལ་བས་ལམ་དེད།

དེ་ནས་མི་རིང་བར་ངེད་གཉིས་ Rottingdean མདུན་ངོས་མཚམས་ལ་འབྱོར། ལ་མཇུག་གི་གཡས་ཕྱོགས་ལོ་རྒྱུས་ལྡན་པའི་wind Mill་རླུག་ཤུགས་ཀྱིས་འཁོར་བས་རྩམ་ཐག་རྙིང་པ། ད་ཆ་རྒྱལ་ཁབས་ཀྱི་གཅེས་ནོར་ངོས་འཛིན་གནའ་ཤུལ་ཁང་རྙིང་ཞིག་མཇལ། འདིའང་མིག་སྣང་ལ་ལྷག་པར་མཛེས།

དེ་ནས་ངེད་གཉིས་Rottingdean གྲོང་ལ་བྱོར། གྲོང་འདིའང་རྒྱ་མཚོའི་གྲམ་རང་ལ་ཆགས་འདུག

གྲོང་གཞུང་ནས་མར་ལོ་རྒྱུས་རང་བཞིན་བྲག་ལམ་ཞིག མར་རྒྱ་མཚོའི་ངོགས་ལ་མི་ལམ་ཞིག་འདུག 

ལམ་ཟུར་རྩིག་ངོས་འདི་ལ་Historic Path ཡིག་བྱང་ཞིག་འདུག དེའི་ལོ་རྒྱུས་རྒྱས་བཤད་

ལྕགས་ཀྱི་གླེགས་བུ་ཞིག་གི་སྟེང་བྲིས་འདུག འདི་ལ་མིག་བལྟ་ཞིག་བྱས་པས་གྲོང་འདིའི་ངོ་བོ་ཇི་ཡིན་ཧ་ལམ་སྟོགས་ཐུབ། དོར་ན་ད་ཆ་ཡིད་དུ་འོང་བའི་མི་ལམ་འདི་ཇག་ལམ་ཞིག་ཡིན་འདུག ཇག་ལམ་འདི་ནས་གནའ་བའི་གྲོང་འདིའི་གྲོང་མི་ཚོས་མཚོ་མཐར་ཉ་པའི་འཚོ་བ་མཉམ་དུ་གྲུ་གཟིངས་ལ་ཕྲོག་བཅོམ་གྱི་ཇག་པའི་འཚོ་ཐབས་ཡང་བསྐྱལ།  ཇག་ལམ་འདི་ནས་ངེད་གཉིས་མར་མཚོ་ཁར་སོང་ནས། ཚིགས་ཇ་གཉིས་ཉོས། མཚོ་གྲམ་ལ་ངལ་གསོས་ཏེ་ཤར་ཕྱོགས་ཀྱི་ལ་ཟུར་སོག་ལེ་རྩེ་མོ་རེ་རེ་རྒྱབ་མདུན་བྱས་པའི་རྣམ་པ་འདིས་བར་མཚམས་མེད་པར་སྐྱོད་འདོད་ཀྱི་འདུན་པ་ཡང་ཡང་སྐྱེས། 

འདིར་ངེད་གཉིས་ཡུན་ཙམ་ངལ་གསོས་བྱས། སླར་གྲོང་སྡེས་འདིར་སྐོར་སྐྱོད་ཕྱིན་པའི་སྐབས། ལམ་ཟུར་གྱི་ཡིག་བྱང་ལ་བལྟ་ཀློག་བྱས་པས། བདག་ལ་རྒྱུས་མངའ་ཡོད་པའི་དབྱིན་ཇིའི་རྩོམ་རིག་རྒྱུ་རྩལ་མཁས་པ་Rudyard kipling གི་བཞུགས་གནས་ཡང་གནས་འདིར་ཡོད་པ་གསལ། འགྲོ་ལམ་ས་བཀྲ་ངོས་བཟུང་ནས་གནས་འདི་འཚོལ་བར་སོང།

Rudyard Kipling་ནི་དབྱིན་ཇིའི་རྩོམ་རིག་གི་གཞུང་དང་འབྲེལ་འདྲིས་ཡོད་ན། ཁོང་ངོ་མི་ཤེས་པ་ཡོད་མི་སྲིད། གཞུང་ལམ་དེད་ནས་སོང་བས་ལམ་ཐག་མི་རིང་བར་ཁོང་གི་ཁང་རྙིང་The Elms མིང་བྱང་ཡོད་པ་འདི་མཇལ། ནང་ལ་འགྲོ་ཆོག་གི་མིན་འདུག འདི་མི་ཚང་འགེར་གྱི་བདག་དབང་གྱུར་ཟིན་འདུག འདིའི་ཉེ་འགྲམ་ལ་ཁོང་གི་དྲན་རྟེན་ཆེད་ Rudyard Kipling Garden མེ་ཏོག་ལྡུམ་ར་མེ་ཏོག་སྣ་མང་བཞད་པ་ཞིག་འདུག 

ཁོང་གི་ངོ་སྤྲོད་དོར་སྡུས་ཤིག་ཞུས་ན། ཁོང་དབྱིན་ཇིའི་རིག་གཞུང་དང་སྐད་རིག་གིས་ཁྱབ་ཚད་ཁོང་གི་རྩོམ་རིག་གིས་མི་གཤིས་ཀུན་སྤྱོད་ལ་བག་ཆགས་བཟང་པ་འཇོག་ཡོད། ཁོང་གི་རྩོམ་རིག་གྲགས་ཆེན་དམིགས་བསལ་རྒྱ་བལ་འབྲུག་གསུམ་ན་སློབ་གྲར་འགྲིམས་མྱོང་ཡོད་ན། ཁོང་གི་སྲོག་ཆགས་དཔེ་སྦྱར་བྱིས་པའི་རྩོམ་སྒྲུང། བྱིས་པའི་གཞས། བྱིས་པའི་བརྙན་འཕྲིན། The Jungle Book འོག་ནས་འཚར་ལོང་བྱུང་ཡོད་པ་འགོར་མ་ཆགས། གུས་པའང་ཁོང་གི་བྱིས་པའི་རྩོམ་རིག་འདི་དང་མཉམ་དུ་འཚར་ལོང་དང་། རྩོམ་རིག་སྣ་མང་བཀླགས་མྱོང་བས། ཁོང་ལ་དགའ་ཞེན་ཡོད་པའི་གང་ཟག་ཞིག་ཡིན། འདི་རིང་གོམ་བགྲོད་སྐབས་ཁོང་གི་གནས་ཁང་དང་མེ་ཏོག་ལྡུམ་ར་མཇལ་བའི་གོ་སྐབས་འདི་་གྲུབ་འབྲས་ཆེ་ཤོས་ནང་གི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་དང་འདོད་བློ་ཚིམས།

དེ་ནས་མུ་མཐུད་ས་དཀར་སྦྲག་རི་སོག་ལེ་རྩེ་མོའི་རྣམ་ཅན་དེ་ལ་ལམ་སྣེ་དེད་ནས་འགྲོ་འདོད་ཡོད་རུང་། དར་རྒྱས་ལགས་མཉམ་དུ་དགུང་ཚིགས་དུས་ར་བཏབ་ཡོད་པས་ཕྱིར་ལོག་དགོས་བྱུང།

གནས་འདི་ནས་སྤྱི་སྤྱོད་རླངས་འཁོརགཞོན་ནས་དར་རྒྱས་ལགས་ཀྱི་ཁྱིམ་ལ་ཉིན་ཟས་མགྲོན་འབོད་ལ་སོང།

ཉིན་ཟས་ལ་ཁོང་གི་བཟའ་ཟླས་རྒྱ་གར་གྱི་ཟ་མ་ Red kidney Beans ་མཁལ་མ་ཞོ་ཤའི་(རཇ་མ་དྷལ)་འབྲས་དང་ཁ་ཆའི་བག་ལེབ། དེ་མིན་སྔོ་འཚལ་སུ་བིན་བཅས་ཟས་སྣས་ཙོག་རྩེ་སྒང་འགྲེམས་འདུག

ཟས་སྣ་འདི་དག་ཁོང་གིས་བཟའ་ཟླས་དམིགས་སུ་བཀར་ནས་ཡུ་ཀྲུབ་བརྙན་འཕྲིན་ནས་སྦྱང་ནས་བཟོས་པ་ཞིག་ཡིན་པ་དར་རྒྱས་ལགས་ནས་འབྲེལ། འདི་ནི་ངེད་གཉིས་ལ་ཆེ་མཐོང་གུས་ཞབས་མཚོན། ཟ་མ་དེ་དག་མངོན་འབྲེལ་ཧ་ལས་པའི་བྲོ་བ་ཆེན་པོ་བལྟ་དུས་མིག་སྣང་ལ་མཛེས་པ། མཐོང་བ་ཙམ་གྱིས་ཟ་འདོད་ལངས་བྱུང། དེ་ནས་ང་ཚོ་ཚང་མ་བོད་ལུགས་ལྟར་མཆོད་པ་ཞིག་ཕུལ་ནས་རོ་བརྒྱ་བཅུད་ལྡན་གྱི་ཟས་ལ་རོལ། དེ་ཉིན་་ཁོང་གི་བཟའ་ཟླ་དེ་དུས་བུ་མོ་ཆུང་བ་འཁྲིད་ནས་ཆུ་རྐྱལ་སོང་འདུག་པས་ཞས་མཇལ་མ་བྱུང། ཁོང་ལ་བུ་ཕ་གཞོན་སྐྲ་ལྕང་ལོ་ཅན་ཁ་བསངས་ངོ་བསངས་བོད་སྐད་ལ་ཞེན་པ་ཡོད་པ། བོད་སྐད་ཐོག་ནས་བརྡ་སྤྲོད་ཨེ་ཐུབ་གྱིས་ང་ཚོར་བོད་སྐད་ནས་གླེང་མོ་བྱས་ཀྱི། ང་ཚོས་ཀྱང་ཁོང་དང་ལྷན་བོད་སྐད་བཤད་གཞོར་ཁོང་ལ་བསྔགས་བརྗོད་ཀྱིས་སེམས་ཤུགས་སྤར།

ཟ་མ་བཟོས་ཚར་རྗེས་དར་རྒྱས་ལགས་ཀྱི་ངེད་གཉིས་ཁོང་གི་ནང་རྒྱབ་ལོག སྤངས་ལྗོགས་མཐའ་ཤིང་ནགས་བསྟུག་པོས་བསྐོར་བས། གྷོལ་ཧྥི་རྩེ་ཐང་རྒྱ་ཆེན་པོ་ཞིག་ལ་འཆམ་འཆམ་འཁྲིད་གཞོར་གནས་འདིར་རྡོ་ཆས་ཀྱི་དུས་རབས་སུ་མི་འཚོ་གནས་བྱུང་བས་ལོ་རྒྱུས་འགྲེལ།

སྐབས་སུ་གླེང་མོལ་རྒྱུད་རིམས་ཞིག་ལ་ས་ཁྱོན་རྒྱ་ཡངས་པོ་འདིར་སངས་རྒྱས་ཀྱི་སྐུ་འདྲ་ཆེན་པོ་ཞིག་བཞེངས་འདོད་ཀྱི་འདུན་པ་ཡོད་པའི་འགྲོས་འགོ་སྟོན་སོང། སྨྲ་བ་འདིའི་རྒྱུད་རིམས་ལ་བཞིག་ན་ཁོང་ཆོས་སེམས་ཅན་དང་ཆོས་དད་ཡོད་པ་ཞིག་མངོན། འདི་མཚམས་ལ་ངཚོ་གླིང་སྐོར་གྲུབ་ནས་སྤངས་ལྗོངས་འདི་ཉེ་གྲམ་རང་ལ་གྷོལ་ཧྥི་ཆང་ཁང་ནང་བིར་ཆང་འཐུང་བར་སོང་ནས་ཡུན་ཞིག་བསྡོད།

དེ་ནས་མར་ནང་ལ་ལོག་ནས་ཁོང་ལ་འདི་རིང་གི་སྣེ་ལེན་ཟབ་རྒྱས་ལ་ཐུགས་རྗེས་ཆེ་ཞུ་བ་དང་ཆབས་ཅིག་གྱེས་མཇལ་ཞུས་ནས་རི་ལི་བབ་ཚུགས་སུ་བསྐྱོད།

ངེད་གཉིས་རི་ལི་བབ་ཚུགས་སུ་འབྱོང་མ་ཐག་འཛིན་བྱང་ཉོས་ནས་རང་གནས་སུ་ལོན་དྷོན་ལ་བྱོར།

མཐའ་སྡོམ་འདི་རིང་གི་གོམ་བགྲོད་ནི་མི་ཚེའི་ནང་བརྗེད་མི་སྲིད་པའི་ཉམས་མྱོང། དགའ་བ་དང་སྤྲོ་བ་ཤེས་བྱ་འདྲ་མིན་གྱིས་དྲན་རྟེན་བསུབ་ཏུ་མེད་པའི་བགས་ཆགས་ཀྱི་རི་མོ་སེམས་ངོར་ཡོངས་སུ་གཏམས།

རྒྱུན་ལྡན་ང་ཚོ་མང་པོ་ཞིག་ལོ་བསྟར་མཚོ་ཁར་འཆམ་འཆམ་་འགྲོ་ཡིས་ཡོད་དེ་དྷི་ཝལས་དྷེཀ་ Divel’s Dyke ལ་འགོ་བལྟ་སྐོར་འགྲོ་ཡ་གོམས་གཤིས་མེད། གལ་ཏེ་ཁྱེད་རྣམ་པས་བར་ཧེཏོན་ Brighton་མཚོ་ཁར་འཆམ་འཆམ་འགྲོ་འཆར་ཡོད་ན། ངེས་པར་ཏུ་དྷི་ཝལས་དྷེཀ ལ་འགོ་ལ་ངེས་པར་ཏུ་འཕེབས་དགོས་པར་བསྐུལ། གནས་འདི་ནས་ཁྱེད་རྣམ་པས་༼ས་ཝུཐ་དྷོན༽ལ་མཇུག་གི་ཡུལ་ལྗོངས་ཀྱི་མཛེས་ཆོས་མངོན་པར་མྱོང་ཐུབ། 

ད་དུང་དུས་ཚོད་ཡོད་ན་རྒྱ་མཚོའི་གྲམ་Marine Parade ལམ་ཆེན་ཟུར་ན་རྐང་ལམ་དང་རྐང་འཁོར་ལམ་གུ་ཡངས་པོ་འདི་ལ་ངེས་པར་ཏུ་གོམ་བགྲོད་འཕེབས་ཐུབ་ན་ཡར་ས་ཝུཐ་དྷོན་ལ་མཇུག་གི་མཛེས་ལྗོངས་ཀྱི་ཁྱད་ཆོས་མྱོང་ཐུབ། ཡང་མཚོ་གྲམ་རང་ནས་ས་དཀར་བྲག་རི་མཚམས་ན་ཨན་དྷར་ཀིལིཕ་པཐ Under Cliff Path མི་ལམ་དང་རྐང་འཁོར་གུ་ཡངས་པོ་གཞོག་ཅིག་་བྲག་རིར་རྟེན་པའི་ཟ་ཁང་ཇ་ཁང་མང་པོ་སྟར་བསྒྲིགས་ནས་འདུག མདུན་ངོས་ལ་རྒྱ་མཚོའོ་ངོགས་ཁྱེད་རྣམ་པས་ལམ་ལ་བཞུགས་ན་ད་གཟོད་མྱོང་ཐུབ། འདིར་ཡིག་ཚོགས་ལ་འཇིགས་ནས་ཚང་མ་བཀོད་ཐབས་བྲལ།

འཕེབས་ལམ་སྐོར་གོང་ལ་རྒྱས་བཤད་ཞུས་ཟིན་གོང་ལ་གཟིགས་རོགས།

༡་བར་ཧེ་ཏོན་གྱི་རྒྱུན་ཤེས།   brighton བར་ཧེ་ཏོན་འཁྲུག་ཆ་དོད་པ་མི་འབོར་མང་ཤོས་དང་ལོན་དྷོན་ནས་ལམ་ཐག་ཉེས་ཤོས་ཡུལ་སྐོར་སྤྲོ་འཆམ་པའི་མཚོ་མཐའི་རྒྱལ་ས་གནད་ཆེན་གྱི་ངོས་འཛིན་ཡོད།

༢་རྒྱལ་ས་འདི་ལི་མའི་དུས་རབས་ Bronze Age ནས་མིའི་འགྲོ་བ་བྱུང་ཡོད་པ་གནའ་ཤུལ་ངོ་རྫས་ནས་གསལ།

༣་རྒྱལ་པོ་ཇོརཇ་བཞི་པ་༡༧༦༢་George IV སྐབས་སུ་གནས་འདིར་རྒྱལ་ཁང་Royal Pavillon ཐུན་མོང་མ་ཡིན་པ་དབྱིན་ཇིའི་བཟོས་བཀོད་དང་མི་མཐུན་པའི་ཕྱིའི་ཁ་ཆེའི་ལྷ་ཁང་འདྲ་པོ་བལྟ་ན་སྡུག་པ་ཞིག་༡༧༨༧་ལོར་བཞེངས། དུས་ད་ལྟའང་མཛེས་ཆོས་མི་ཉམས་པར་མཇལ་རྒྱུ་འདུག

དམངས་ཁྲོད་བཤད་སྲོལ་ལ་རྒྱལ་པོ་འདིས་རྒྱལ་ཁང་འདི་རྒྱ་གར་གྱི་རྒྱལ་ས་ཨག་རར་ཡོད་པའི་འཛམ་གླིང་ནང་སྙན་གྲགས་ཡོད་པའི་དུར་ཁང་ཏཇ་མེཧལ་Taj Mahel ལ་དཔེ་སྦྱར་ནས་བཟོས་པ་བཤད།

ཕྱི་ཚུལ་ནས་བལྟས་ན་ཧ་ལམ་འདྲ་པོ་འདུག

༤་ནུབ་ངོས་ན་༼བར་རེཧ་ཏོན་པིར༽Brighton Pier མཚོ་འི་དཀྱིལ་བར་ཏུ་ཟམ་པའི་ངོ་བོ་་མཐའ་མཇུག་ལ་ཟ་ཁང་དང་གློག་རིགས་ཀྱི་རྩེ་མོ་རྩེ་ཆད་སྣ་མང་ཡོད་པ་ཞིག་འདུག

༥་རྒྱལ་ས་འདི་དམངས་ཁྲོད་ངོས་འཛིན་ལ་སྒྱུ་རྩལ་བའི་རྒྱལ་ས་ཞིག་ཡིན་པར་འདོད།

༦་རྒྱལ་ས་འདིའང་མཚན་མཐུན་Same Sex སྤྱི་ཚོགས་ཕོ་མོ་རྣམས་ཀྱི་གནས་གུ་ཡངས་བག་ཕེབས་ཀྱི་ངོས་འཛིན་ཡོད་པས། ས་གནས་གང་སར་མཚན་མཐུན་ཕོ་མོ་དང་མ་ནིང་གི་མི་འབོར་མང་པོ་རིག་རྒྱུ་འདུག

༧་རྒྱལ་ས་འདི་དབྱིག་ལེན་ནང་རྒྱལ་ས་སྐྱིད་ཤོས་ནང་ནས་གཅིག་ཡོན་པར་ངོས་འཛིན་འདུག


Leave a Reply

Your email address will not be published. Required fields are marked *