
སྤྱི་ཟླ་༧་ཚེས་༢༠་ཉིན་ Hiking in london http://www.senderismoenlondres.co.uk གོ་སྒྲིག་འོག་རཧི་ནས་ཧཡས་ཏྲིང་བར་གོམ་འགྲོད་ཀྱི་ཉམས་མྱོང།
དེ་རིང་གནམ་གཤིས་ཚ་དྲོད་སྙོམ་དྲོད་ཚད་༡༩། ཞོགས་པ་ཆུ་ཚོད་༧་༣༠་ཐོག་ནང་ནས་ཐོན། ཆུ་ཚོད་༨་༥་ལ་ས་གནས་ཝུ་ལེཆ་ནས་ཕི་རིང་ཏྲོན། དེ་ནས་ཀྱིངས་ཀོ་རོས་བར་རི་ལི་ནང་ཆས། ༩་པ་ལ་ཀྱིངས་ཀོ་རོས་འབབ་ཚུགས་ལ་བྱོར། དེར་རྐང་འགྲོས་པ་གཞན་ཚོ་དང་མཇལ། རིམས་པས་གཅིག་རྗེས་གཅིག་འཛོམས། ཆུ་ཚོད་༩་༣༠་ཐོག་ཀྱིངས་ཀོ་རོས་ནས་ཨེེཤ་ཕོཏྲོ་བར་ངརི་ལིར་སོང། དེ་ནས་ཨེཤ་ཕོཏྲོ་ལ་རི་ལི་བརྗེས་ནས་ཧེས་ཏྲིང་རི་ལི་བར་ཆུ་ཚོད་༡༠་༤༥་ཐོག་རཧི་འབབ་ཚུགས་བྱོར། དེ་ན་ཚང་མ་གྲངས་གཤེར་བྱས་ཏེ་མཉམ་འཛོམས་དཔར་ལེན། རཧི་འབབ་ཚུགས་ནས་ལག་གཡས་ཕྱོགས་ཀྱི་གཞུང་ལམ་ཟུར་ནས་སྣེ་ཤན་པས་རྐང་འགྲོད་པ་ཡོངས་ཁོང་གི་རྗེས་མཐུད་ནས་སོང། འབབ་ཚུགས་རྒྱབ་རང་ལ་རྒྱུག་ཆུ་ཆུང་ཆུང་River Tillingham ཟམ་ཆུང་བཅད་དེ་སོང། དེ་ནས་གཞུང་ལམ་Graham’s way ལམ་དེད་ནས་ལག་གཡས་ཕྱོགས་ན་River Brede རྒྱུག་ཆུ་ཆུང་ཆུང་བིརདྷ་ཟུར་ནས་ཤིང་ནགས་ནང་ནས་ལྕགས་ཀྱི་འགག་སྒོ་ཞིག་ནས་གོམ་འགྲོད་ལམ་འགོ་བཙུགས། རྩ་ཐང་ཡངས་པོ་འདི་Rye Harbour Nature Reserve ཡིན་འདུག སྤངས་ཐང་ཡངས་པོ་ལུ་གུའི་ཁྱུ་ཚོགས་ལ་དབང་བས་སྤངས་གཞུང་ན་ལུ་གུ་རྣམས་བདེ་སྐྱིད་ཀྱི་ངང་ནས་རྩ་མྱུག་ལྡལ་ཞོར་ཡ་མཚན་པའི་རྣམ་གྱུར་གྱིས་རྐང་འགྲོད་རྣམས་ལ་མགོ་ཅོག་ཅོག་ཡང་བལྟ་བྱེད་བཞིན་པའི་རྣམ་གྱུར་ལ་དཔགས་ན་ལུ་གུའི་ཁྱུ་ཚོགས་ལ་བསུན་སྣང་ཞིག་ཡོད་པ་མངོན།
ཡིནའང་ང་ཚོ་རྐང་འགྲོད་རྣམས་སྦྲང་ཚང་ཐོར་བ་ལྟ་བུ་སྤངས་ལྗོངས་ཡངས་པོར་འགའ་ཤས་ལག་པ་འཁྱུད་འགའ་ཤས་ལག་ཐོག་ཁ་པར་ནས་ཁོར་ཡུག་དང་ལུ་གུ་ཚོའི་མདུན་ལ་བཅར་ནས་པར་ལེན་པ་སོགས་ཀྱི་ཞི་བདེ་བག་འཕེབས་ཀྱི་ཁོར་ཡུག་ངང་གིས་དཀྲོགས།
སྤངས་ཐང་ཡངས་པོ་འདི་ནས་གཡོན་ཕྱོགས་ན་ཁྱེར་རྐྱང་གི་མཁར་ཤུལ་རྙིང་པ་ཞིག་རྒྱང་ཐག་རིང་པའི་བར་གྲོང་ཁྱིམ་གཅིག་ཡང་མེད་པ་ས་སྟོང་ཡངས་པོར་ཀེམ་པར་ཀས་སལ་ Camber Castle བརྗིད་ཞིང་ཆགས་པ་ཟུར་ནས་བལྟས་ན་གྱང་རྩིག་ཟླུམ་སྒོར་པད་ལོའི་དབྱིབས་ཅན་རྒྱང་ཐག་རིང་པོ་ནས་མིག་དབང་ལ་མངོན་པར་མཚར། མཁར་རྫོང་འདི་དུས་རབ་བཅུ་ལྔ་༡༥༡༢་ཕཧ་རན་སི་བཙན་འཛུལ་འགོག་ཆེད་རྒྱལ་པོ་ཧན་རི་བརྒྱད་པའི་སྐབས་སུ་བཞེངས་པ་ཞིག་ལོ་རྒྱུས་ཡིག་ཚང་ནང་གསལ།
རིམས་བཞིན་ང་ཚོ་རྐང་འགྲོད་པ་རྣམས་མཁར་རྫོང་ཉེ་བར་སླེབས། འདིར་ཡུན་ཞིག་ངལ་གསོ་དང་སྦྲགས་ཁང་ཤུལ་ལ་བལྟ་སྐོར་བྱས། ཕྱིས་ནས་བལྟ་བ་ལས་ནང་ལ་འགྲོ་མི་ཆོག་པའི་བཀའ་ཡིག་སྦྱར་འདུག
གང་ལྟར་མཁར་རྙིང་འདི་གནམ་དུས་ཆུ་དང་ཆར་པ་ལ་དོ་ཟླར་རྒྱིང་ནས་སྐད་ཅིག་སྐད་ཅིག་གིས་མི་རྟག་པའི་ངོ་བོས་ས་རྡོའི་ཕུང་པོ་འཇིག་ལ་ཉེ་བ་ཡ་ང་བའི་རང་བཞིན་ལ་གནས་འདུག
འདི་ནས་ཁང་རྙིང་གི་གཡས་ཕྱོགས་ནས་སྐོར་སྟེ་་སླར་རྐང་འགྲོད་ལམ་བསུས་ནས་ཆུ་ཚོད་༢་ཙམ་རིང་སྤངས་ཐང་ཡངས་པོའི་སྟེང། སྐབས་སྐབས་སུ་ནས་ཞིང་འདྲེས་མའི་ཞིང་ཚིགས་སྒང་ནས་བསྟར་བསྒྲིགས་པའི་རྣམ་པ་ནི་འབུ་གྲོག་མ་མཐུད་ནས་སྐྱོད་བཞིན་པའི་རྣམ་པ་མངོན།
དེ་ནས་Rye Harbour Nature Reserve ས་མཚམས་མཇུག་བརྒལ་བ་དང་ Pett Level གྲོང་གི་ལམ་མདོ་ཞིག་ལ་ཐུག དེ་ནས་ཡར་གྱེན་ཆུང་ཞིག་ནས་གོམ་པ་འགའ་ཤས་སོང་བ་དང་དེ་མ་ཉིད་ལ་མཐའ་ཡས་ Pett Level Beach རྒྱ་མཚོ་ངོགས་ལ་ཧོབ་ཏེ་ཁ་ལ་མཇལ། རྒྱུན་རིང་པོ་ཞིག་ནས་སྔོ་ལྗང་ཡངས་པོར་གོམ་འགྲོད་རྐྱེན་པས་སྣང་བ་འདིས་གློ་བུར་གྱུར་བས་སེམས་ལ་སྤྲོ་བ་དང་གུ་ཡངས་ཀྱི་སྤྲོ་སེམས་འཁོལ།
མཚོ་ཁར་འདི་ན་ཡུན་ཞིག་མཚོ་རླུང་གྲང་བསིལ་བསིལ་ཞིག་རྔུབས་ཏེ་མདུན་གྱི་རླབས་ཕྲེང་གི་འཁྲབ་སྟོན་ལ་རྒྱང་བལྟ་བྱེད་བཞིན་སྣང་ལ་ལྷོད་ལ་ཕབས།
མཚོ་ངོགས་འདི་ནས་མདུན་ངོས་ལ་ལྟ་དུས་མཚོ་གྲམ་ནས་ཧེས་ཏྲཏིང་ཕྱོགས་ལ་འགྲོ་ལམ་མིན་འདུག་གང་ལ་ཞུས་ན་མདུན་ངོས་མཚོ་ངོགས་འདི་བྲག་རི་མཐོ་པོ་གྲིས་གཤག་པ་ལྟ་བུ་བྲག་མགོར་ཚང་ཚིག་ཤིང་ནགས་སྟུག་པོ་རྒྱང་ནས་མཐོང། དེ་ནས་སྣེ་ཤན་པས་མཚོ་གྲམ་དེ་རང་ནས་གཡས་ཕྱོགས་རྡོ་སྐས་ཤིག་བརྒལ་ནས་ལུང་ཕྱོགས་ནས་འཁྲིད། དེ་ནས་འགྲོ་ལམ་དོག་པོ་སྐབས་སྐབས་སུ་ཡར་རི་འཛེགས་སྐབས་སྐབས་སུ་མར་ལུང་ལ་འབབ་དེའང་མང་ཆེ་བ་ཚང་ཚིག་ནགས་དང་རྩྭ་རྒོད་མི་ཚད་ལོང་བའི་བར་ནས་སྐྱོད། ལ་ལུང་མང་པོོ་ཡར་འཛེགས་དང་མར་འབབ་པས་རྐང་འགྲོད་མ་ཚང་མ་ཐང་རྦད་དེ་ཆད་འདུག
དམིགས་བསལ་ངེད་འདི་རིང་གི་རོགས་པ་རྒྱ་གར་བ་ཕོ་གསར་ལོ་ཆུང་ཆུང་མིང་ལ་ཅེཧི་ཏན་དང་ཅིག་ཤོད་ཀྱི་མིང་ལ་ཝ་རུན་ཟེར་བ་
གཉིས་ལས་དབང་གིས་མཚམས་སྦྱོང་བས་ཉེ་གྲོགས་སུ་གྱུར། དེའི་ནང་ནས་ཅེཧི་ཏན་ཁོང་རྐང་འགྲོད་ཐེངས་དང་པོ་ཡིན་འདུག འགྲོ་ལམ་དཀའ་བོ་འདིས་ཁོང་དུས་ནས་དུས་ག་དུས་འབྱོར་གྱི་ཡོད་དམ་ཞེ་ཡང་ཡང་འདྲི་བ་དང་ལ་འདི་མཐའ་མ་ཡིན་རྒྱུ་རེད་བཅས་ཚོད་དཔག་་གིས་སེམས་གསོ་རེ་བྱས།
དེ་ནས་ལ་ལུང་འགའ་ཤས་བརྒལ་ཚར་རྗེས་རྐང་འགྲོད་པ་ཚང་མ་ཉིན་དགུང་བར་སེང་འཇོག དེ་ཡང་བྲང་མགོའི་སྟེང་ལམ་ཟུར་རྩྭ་ཐང་ཆུང་ཆུང་མར་འོག་ལ་བལྟས་ན། གཡང་ཟར་པོ་རྒྱ་མཚོའི་མཛེས་སྡུག་མངོན་པ་རྐང་འགྲོད་པ་ཡོངས་ངལ་གསོ་བཞིན་ཟ་མ་བཟའ་ཞོར་རྒྱ་མཚོའི་མཛེས་ཆོས་ཀྱི་ཚོར་བ་ཡིད་ལ་སིམ་ཞིང་དུས་འདའ།
ཡིནའང་འགྲོ་རྒྱུའི་ལམ་དང་རྐང་འགྲོད་རྒྱུད་རིམས་ནི་དེ་ལས་ཆེས་འཐབ་རྩོད་དང་དཀའ་སྡུག་ཡོད་པ་ཞིག་ཚོད་དཔག་བྱེད་ཀྱི་ཡོད་དེ་་སེམས་ཤུགས་དང་སྤྲོ་བ་ཉམས་མིན་འདུག དེ་ཚུངས་ཀྱི་རྐང་འགྲོད་པ་གཞན་རྣམས་ཀྱང་དེ་ལྟར་ཡིན་པར་འདོད། སླར་ལ་ལུང་དེད་ནས་ཧེས་ཏྲིང་ཕྱོགས་སུ་སྙེགས། འགྲོ་ལམ་སྔོན་ནས་ཚོད་དཔགས་བྱེད་པ་བཞིན་དེ་ལས་དཀའ་བ་མིན་ན་ཡང་བ་མིན་འདུག
བར་མཚམས་ཤིག་ནས་ང་ཚོའི་ལམ་གྲོགས་དབྱིན་ཇིའི་བུ་མོ་རྒྱགས་པ་ཞིག་ཡོད་པས་འདི་འགྲོ་མི་ཐུབ་པའི་སྐབས་ངའི་རི་འཛེགས་ཁར་རྒྱུག་དེ་མོ་ལ་གཡར། ཡིནའང་ང་ཚོའི་སྣེ་ཤན་པས་མོ་དང་མོའི་རོགས་པ་གཉིས་བསྐྱུར་རྒྱུའི་ཐག་བཅོད་བྱས་ཟིན་འདུག ང་རང་སེམས་ཅུང་མི་བདེ་བ་བྱུང། སྣེ་ཤན་པར་དྲིས་པས་ཁོང་གིས་ང་ལ་བྱེད་ཐབས་མིན་འདུག་གལ་ཏེ་ང་ཚོ་ཁོང་གཉིས་ལ་སྒུག་དགོས་ན་མཚན་མོ་འདིར་ལྷག་རྒྱུ་རེད་བཅས་འགྲེལ།
དེ་ནས་མོ་རང་དང་མོའི་དགའ་རོགས་གཉིས་ང་ཚོ་དང་རྒྱང་ཐག་ཇེ་རིང་ཏུ་སོང་ནས་་ཁ་བྲལ། ང་ཚོ་རྐང་འགྲོད་པ་ཚང་མ་ཡང་ཡང་ཕྱི་བལྟས་སློག་གིན་སློག་གིན་ཁོང་གཉིས་ང་ཚོའི་རྒྱབ་ལ་མུ་མཐུད་ནས་ཡོང་གི་ཡོད་པའི་རེ་བས་ལམ་ལ་བརྟོལ།
རྐང་འགྲོད་པ་རྣམས་ཚང་ཚིང་ནགས་ནང་ནས་འགྲོ་བཞིན་པའི་སྐབས་གློ་བུར་མཚོ་ངོགས་བྲག་རི་མཚམས་ན་མྱུར་སྐྱོབ་ཐད་འཕུར་གནམ་གྲུ་ Air Ambulance ལྡིར་སྒྲས་ལུང་པ་ཁྱབ་པས་ང་ཚོ་རྐང་འགྲོད་པར་དོགས་སློང་གིས་ཁོང་གཉིས་ལེན་པར་འོང་ངམ་ཞེས་འདྲི་རྟགས་དང་ཚོད་དཔག་བྱས།
ཚོད་དཔགས་བྱས་པ་ལས་དངོས་འབྲེལ་སུས་ཤེས་མི་ཐུབ།
དེ་ནས་ང་ཚོ་སྤངས་ལྗོངས་ཡངས་པོ་ཞིག་ལ་སླེབས། དེ་ནས་མར་ཧེས་ཏྲིང་ལུང་པའི་མདའ་མཚོ་ངོགས་ཟུར་ཞིག་ན་མོ་ཀྲའི་འབབ་ཚུགས་མཐོང། ད་གཟོད་ང་ཚོ་ཧེས་ཏྲིང་ཉེ་བར་སླེབས་པའི་དགའ་སྤྲོས་རྐང་འགྲོད་པ་རྣམས་པར་དང་བརྙན་ལེན་པ་སོགས་འགའ་ཤས་རྒྱུག་ནས་འགྲོ།
སྤངས་ལྗོང་དེའི་མིང་ཨིསཏ་ཧིལ་East Hill དེ་ནས་ཧེས་ཏྲིང་གི་ཡུལ་ལྗོངས་ནི་ཆེས་མཛེས་སྡུག་ལྡན་པ་ཡིད་དུ་འོང་བ་རང་དབང་མེད་པར་བསྔགས་བརྗོད་ཀྱི་མི་ཏོག་ཆུན་པོ་ངང་གིས་འཐོར།

དེ་མཚམས་ན་East hill Cliff Railway ཐག་འདྲུད་རི་ལི་༡༩༠༢་ལ་བཟོས་པའི་ལ་འཛེགས་རི་ལི་ཆུང་ཆུང་ད་ཆ་ཡུལ་སྐོར་འཁྱམ་པའི་མཐུན་རྐྱེན་ཏུ་གྱུར་བ་ཞིག་འདུག དེ་ནས་མར་ལུང་པའི་མདོ་ལ་འགྲོ་བ་ལ་སྐས་འཛེགས་ཟར་པོ་མང་པོོ་ཞིག་བབ་ནས་སྐྱོད་དགོས་འདུག
སྐས་འཛེགས་གཡོན་ཟུར་ནས་བལྟས་ན་ཧེས་ཏྲིང་གི་གྲོངརྙིང་འདི་ལུང་གཞོང་ནང་ཁང་པ་འཚང་ཀ་ཤིག་ཤིག་བུ་སུག་སྡུད་དོག་ཁ་པོའི་རྣམ་པ་ཞིག་འདུག
སྐས་འཛེགས་བཞུགས་ཟིན་པ་དང་ལམ་ཆུང་ནས་གོམ་པ་འགའ་ཤས་སོང་ན་ལམ་ཆེན་ལ་ཐུག
ལམ་ཆེན་གཡོན་ལ་ཁྲོམ་གཞུང་དང་གཡོན་ན་རྒྱ་མཚོའི་གྲམ་གྱི་ཚོང་ཁང་སྟར་སྒྲིགས་དེའི་རྒྱབ་ངོས་ལ་རྡོ་ཧྲུག་གིས་ཁྱབ་པའི་མཚོ་ངོགས་་འདུག
དེ་མཚམས་ན་ལམ་ཆེན་གྱི་གསུམ་མདོ་ན་ང་ཚོའི་སྣེ་ཤན་པས་ཚང་མ་འདུ་སྐོང་བྱེད་དེ་ཆུ་ཚོད་༧་༡༠་ལ་རི་ལི་འབབ་ཚུགས་ལ་འབྱོར་རྒྱུ་དང་དེ་བར་ཚང་མ་རང་མོས་ལྟར་འཆམ་འཆམ་ལ་ཆས་ན་གྲིག་པའི་བརྡ་ཁྱབ་གཏོང།
ང་ཚོ་གསུམ་གྲོས་བྱེད་དེ་ཚོང་ཁང་ནས་ཆང་ཤེལ་དམ་འགའ་ཉོས་ནས་མཚོ་གྲམ་ལ་ངལ་གསོ་བར་སོང།
མཚོ་གྲམ་གྱི་ངལ་གསོའི་དུས་ཡུན་གྱི་རྣམ་པ།
བིར་ཆང་བསིལ་མའི་བྲོ་བ་འདི་དང།
མུ་མཐའི་མཚམས་ཀྱི་ལ་བཞུད་ཉི་མའི་འོད་སྣང་འོག
རླབས་ཕྲེང་རེ་རེའི་གར་སྟབས་ཀྱིས་བསུ་བ།
སྣང་བ་མཐུན་པའི་ལམ་གྲོགས་ང་ཚོ།
བརྗོད་བྱ་དོན་གྱིས་ཕྱུག་པའི་གླེང་མོལ།
ཉམས་མྱོང་ནོར་གྱིས་བཏམས་པའི་ཚོར་བ།
བག་ཆགས་བཟང་པོ་སེམས་ངོར་སྤར།
རྐང་རྗེས་རི་མོ་ལམ་ཕྲང་སྟེང་ལ་བཀོད།
འདི་ནི་རྐང་འགྲོད་པའི་གྲུབ་འབྲས་རློམ།
མཚམས་འདི་ནས་ང་ཚོའི་མཚོ་ངོགས་ནས་རི་ལོ་འབབ་ཚུགས་སུ་སོང།
རི་ལི་འབབ་ཚུགས་སུ་རྐང་འགྲོད་པ་འགའ་ཤས་བྱོར་ཟིན་འདུག ཡིནའང་ང་ཚོའི་ལམ་གྲོགས་ལམ་ལ་ལུས་པའི་དབྱིན་ཇིའི་བུ་མོ་རྒྱག་པ་དང་ཁོ་མོའི་དགའ་རོགས་སླར་འབབ་ཚུགས་སུ་འཕྲད། ཁོང་གཉིས་ནས་ང་ལ་དགའ་ཚོར་ཆེན་པོས་བཀའ་དྲིན་རྗེས་དྲན་ཞུས་བ་དང་ཆབས་ཅིག་བདག་གི་འཁར་རྒྱུག་ཕྱིར་སློག
དེ་མཚམས་སུ་ཁོ་མོའི་འདི་རིང་གི་རྐང་འགྲོད་པའི་དཀའ་སྡུག་དང་རི་ལི་འབབ་ཚུགས་འདི་བར་སླེབས་ཚུལ་སེམས་ཚོར་ཆེན་པོས་འགྲེལ། ཁོ་མོ་སླར་ཡར་འགྲོ་འཆར་གྱི་སེམས་ཤུགས་དང་སྤྲོ་བ་ཡོད་གསུངས་སོང།
དེ་ནས་ང་ཚོ་ཚང་མ་རི་ལི་འདི་ནས་ཨེཤ་ཕོཏྲ་དེ་ནས་ཨེཤ་ཕོཏྲ་ནས་ཀིངས་ཀོརོས་རི་ལི་ནང་ལོན་དྷོན་ཕྱོགས་རང་གནས་ལ་ཆས། མཚན་མོ་ཆ་ཚོད་༡༠་༣༠་མཚམས་ལ་ནང་ལ་བདེ་བར་བྱོར།
དེ་ནས་བདག་གི་ཉིན་གཅིག་གི་རྐང་འགྲོད་པའི་ལེའུ་རྒྱལ་ཁ་དང་དགའ་སྤྲོས་ངང་ནས་མཇུག་བསྒྲིལ།
གནས་ཀྱི་རྒྱུན་ཤེས།
༡་Rye རིཧི་ནི་ལྷོ་ཤར་རྒྱ་མཚོ་མཐའི་ཆུ་གསུམ་འདུས་མདོ་བར་ན་ཆགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོང་ཆུང་ཆུང་ཞིག་ཡིན། ཆུ་གསུམ་ཏེ་Tillingham River, Brede River and Rother River
༢་དབྱིག་ལེན་ལྷོ་མཐའི་མཚམས་ལ་བཙན་རྒོལ་འགོག་ཆེད་མཁར་རྫོང་ཆེན་པོ་ལྔ་ཡོད་པའི་སྟེང། དུས་རབས་བཅུ་གཉིས་མཚམས་སུ་རིཧི་མཁར་རྫོང་དང་ཝིན་ཅེལ་སིཡ་མཁར་རྫོང་Rye castle and Winchelsea castle་སྔར་ཡོད་ལྔའི་སྟེང་གཉིས་སྣོན་སྟེ་མཁར་རྫོང་ཆེན་པོ་བདུན་གྱིས་ལྷོ་མཐའ་སྲུང་བའི་མཁར་རྫོང་ཡོངས་སུ་གྲགས།
༣་Winchelsea དུས་རབས་བར་མའི་སྐབས་ནས་ཆགས་པའི་གནས་རྙིང་ཞིག་ལོ་རྒྱུས་ནང་གསལ།
༤་Hastings ཧེས་ཏྲིང། གྲོང་འདི་ལི་མའི་དུས་རབས་སྔོན་ནས་ཆགས་པ་དང་དུས་རབས་བཅུ་པའི་སྐབས་ཕ་རནསི་དང་འཐབ་རྫིང་ཆེན་པོ་བེཀྲལ་ཨོཕ་ཧེས་ཏྲིང་བྱུང་བའི་རྗེས་ནས་དབྱིན་ཇི་ཕརན་སིའི་རྒྱལ་པོ་ནོར་མནདྷ་མངའ་འོག་ཚུད་དེ་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་གྱུར།
རྒྱས་པ་ཝི་ཀི་ཡིག་ཚང་ལ་གཟིགས་པར་འཚལ། https://en.wikipedia.org/wiki/Hastings#:~:text=The%20town%20gives%20its%20name,visitors%20to%20reach%20the%20town.
https://en.wikipedia.org/wiki/Battle_of_Hastings
