པིཀ་དྷིས་ཏིཀ Peak District

རི་སྐོར་སྤྲོ་འཆམ་གྱི་མྱོང་ཚོར་གསར་པ།

  ས་གནས། Peak District 

ཐེངས་འདིའི་རི་སྐོར་སྤྲོ་འཆམ་ནི་མཚན་གཉིས་དང་ཉིན་གཅིག་གི་རིང་ལ་དབྱིན་ཡུལ་གྱི་ས་གནས་Peak District’s Win Hill ནས LOOSE HILL Anti clock wise challenge ་བར་གཡོན་སྐོར་ཡུག་གཅིག་གི་གོམ་བགྲོད་དམ་བཅའ་སྟེ། གནས་དེར་ཕྱིན་པའི་ང་རང་གི་མྱོང་ཚོར་དང་། རི་སྐོར་ཤེས་བྱ། ཉམས་མྱོང་མདོར་བསྡུས་བཅས་དྲན་རྟེན་ཆེད་དུ་འཇོག་པར་འདོད།

དེ་ལ་ཉིན་དང་པོ་སྟེ། སྤྱི་ཟླ་༥ ཚེས་དགུ་༩ བའི་ཞོགས་པའི་ཐོ་རངས་ཀྱི་དུས་སུ་ནང་ནས་ཐོན། ཆུ་ཚོད་༡༡ དང་ཕྱེད་ཀ་ཡས་མས་སུ Hope Valley ལ་འབྱོར། གནམ་གཤིས་ཚ་དྲོད་སྙོམས་ཤིང་སེམས་པ་དགའ་ལྷང་ལྷང་གི་སྣང་བ་ཤར་ལ། དེ་ནས་ཆུ་ཚོད་༡༢ ་མཚམས་ལ་རི་མགོའི་རྐང་ལམ་ལ་ཞུགས། རྐང་ལམ་སྟོད་ཀྱི་ཟམ་ཆུང་ཞིག་ནས་ཡར་ཤིང་ནགས་ཐར་ཐོར་བརྒྱུད་དེ་སྤང་རི་གཟར་པོ་ཞིག་ལ་སླེབས། དེ་ནས་ཡར་འཛེགས་སྟེ་རི་མགོའི་ལམ་མདོར་འབྱོར། ཡར་ཤར་ཕྱོགས་སུ་ཁ་ཕྱོགས་ནས་དུས་ཡུན་གང་འཚམས་ཤིག་ལ་Win hill ཞེས་པའི་ལ་འགོའི་ས་ཚིགས་དང་པོ་དེ་ལ་འབྱོར། ས་དེར་ང་དང་ངའི་ལམ་རོགས་ཇོ་བསོད་ནམས་གཉིས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་ངལ་གསོས་ཏེ་ཉིན་ཟས་ལ་རོལ་བ་དང་ཆབས་ཅིག་Ladybower Reservoir ཞེས་པའི་ཆུ་མཛོད་ལ་རྒྱང་ལྟ་བྱས། ཡུལ་ལྗོངས་འདིའི་་ཡིད་འཕྲོག་པའི་མཛེས་སྡུག་དེ་ནི་ང་རང་གིས་ཡིག་ངག་གཉིས་ནས་བརྗོད་ཐབས་བྲལ། ཇི་འདྲའི་མཛེས་པ་ལ་ཨང་།

དེ་རྗེས་ངེད་གཉིས་སྔར་གྱི་རི་ལམ་དེ་བརྒྱུད་ནས་མར་བྱང་ཕྱོགས་ཀྱི་རི་རྒྱུད་ཕྱོགས་སུ་བསྐྱོད། ལམ་བར་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་རྣམ་པ་རྣམས་ཚིག་གིས་ལམ་ནས་བཀྲོལ་་བར་ཤིན་ཏུ་དཀའ། མཛེས་སྡུག་གི་རྣམ་པ་དེ་དག་ཚིག་གིས་ལམ་ནས་བཀྲོལ་དགོས་ན་རྒྱ་གར་གྱི་སྙན་ངག་མཁན་པོ་Javed Akhatar་1ལས་གཞན་སུས་བཀྲོལ་ནུས་ཏེ། མི་ནུས་སོ།། ཡང་ཡུལ་ལྗོངས་འདིའི་མཛེས་སྡུག་གི་བཀོད་པ་དེ་རི་མོའི་ལམ་ནས་སྤྱན་ལམ་དུ་འབུལ་དགོས་ན། སྙན་གྲགས་ཆེ་བའི་དབྱིན་ཇིའི་ཡུལ་ལྗོངས་རི་མོ་མཁན་John Constable2 ཁོ་རང་གི་མཛུབ་མོའི་སྒྱུ་རྩལ་དེ་མེད་ན་ཡུལ་ལྗོངས་བཀོད་པ་འདི་ལ་དམའ་འབེབས་་སུ་འགྱུར་སྲིད། གང་ལྟར་ངས་ཁྱེད་རྣམས་ལ་ཡིག་ངག་གཉིས་ནས་འགྲེལ་བའི་ནུས་པས་སྟོང་སོང་། དེ་བས་ཁྱེད་རྣམས་ངེས་པར་ཏུ་ལན་གཅིག་འདིར་ཕེབས་ཏེ་ཡུལ་ལྗོངས་ཀྱི་མཛེས་སྡུག་འདི་རང་སེམས་ཀྱི་མེ་ལོང་ངོར་དངོས་སུ་རི་མོར་བཀོད་ན། མི་ཚེ་་ཧྲིལ་པོ་མི་བརྗེད་པའི་དྲན་རྟེན་དུ་འཇོག་ཐུབ་ངེས།

དེ་ནས་ཡང་རི་ལམ་Roman path ཞེས་པའི་ལོ་རྒྱུས་་རང་བཞིན་ལྡན་པའི་རི་ལམ་དེ་བརྒྱུད་ནས་་འགྲོ་སྐབས། ལམ་བར་ཇོ་བསོད་ནམས་ཀྱིས་win Hill དང Loose Hill་ཞེས་པ་གཉིས་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་གཏམ་སྒོ་ཕྱེས་བཞིན་ལམ་སྣེ་བསུས་ཏེ་མཇུག་མཐར་ལམ་མདོ་ཡི་ས་ཚིགས་རྡོ་རིང་Hope Cross ཞེས་པ་དེ་ལ་སླེབས། གནས་འདི་ནས་གྱེན་ལམ་ཞིག་རྒྱུད་ཚེ། སྤངས་རི་ཡིད་དུ་འོང་བ་ཞིག་གི་མཚམས་ལ་འབྱོར། འདི་ནི་འབྲོག་ས་ཞིག་ཡིན་གཤིས་གནས་འདིར་ལུག་དང་ལུ་གུ་རྣམས་ཞི་བདེ་བག་ཕེབས་ངང་སྔོ་ལྗང་གི་རྩ་བཅུད་ལ་དལ་གྱིས་རོལ་བཞིན་པའི་རྣམ་པ་མཐོང་། རྩ་བཅུད་དེ་དག་ནི་དངོས་གནས་ལུག་གི་ཁྱུ་ཚོགས་ལ་བཅུད་ལྡན་ལུས་ཟུངས་གསོ་བའི་བདུད་རྩི་སྨན་ཏུ་གྱུར་བ་ཚོར་བྱུང་། ་ལྗོངས་འདིར་འཚོ་བའི་ལུག་དང་ལུ་གུའི་མི་ཚེ་འདི་ནི་ཇི་འདྲ་སྐྱིད་པ་ལ་ཨང་བསམ་པའི་སྣང་བ་ཡང་དང་ཡང་དུ་འཆར། སྤང་ལྫོངས་འདི་ནི་ལུག་དང་ལུ་གུའི་བདེ་སྐྱིད་ཀྱི་ཞིང་ཁམས་སུ་མངོན

སྐབས་དེ་དུས་བདག་གི་དྲན་ཤེས་ཀྱི་མེ་ལོང་ངོར་བྲལ་མི་ཐུབ་པའི་བག་ཆགས་ཟབ་མོ་དེ་ནི། ལུ་གུས་ཨ་མའི་ནུ་མ་ནུ་བཞིན་པའི་རྣམ་པ་དེ་ཡིན་ལ། ལྷག་པར་ཏུ་ལུ་གུ་མ་བུ་གཉིས་བར་གྱི་བརྩེ་དུང་གི་དམ་བཅའ་་དེ་ལ་སེམས་འགུལ་ཡུན་རིང་ཐེབས།

ཉིན་གཉིས་པ།

དེ་ནས་ཉིན་གཉིས་པའི་བྱ་འགོར་བརྩམས་།ཟབ་སྦྱོང་ཐོག་མར་གུར་གཏིབ་སྟངས་།གཡོ་ཆས་རྣམས་ཁུག་མར་འཛངས་སྟངས་།མཐའ་མ་རང་ཉིད་སྡོད་པའི་གནས་འདིར་མིག་སྐོར་ཡང་ཡང་བྱོས།གད་སྙིགས་ཅིག་ཡང་མི་ལུས་པར་བྱ་དགོས་པའི་ལམ་སྟོན་གྱི་མཐའ་ཚིག་བསྒྲགས།LEAVE NO TRACE BEHIND་རྗེས་ཤུལ་མེད་པ། དེ་ནི་རི་སྐོར་རྐང་བགྲོད་པའི་རང་འཁྲིམས་གནད་ཆེ་ཤོས་ཤིག་ཡིན། ཆོུད་༨པའི་ཐོག་ཉིན་གཉིས་པའི་དམིགས་འབེན་ Loose Hill ལྷོ་རི་ཕྱོགས་ཀྱི་རི་ལམ་བསུ།

དེ་ནས་མུ་མཐུད་ལམ་སྣེ་འབྲང་སྟེ་ཉིན་ཕྱེད་ཙམ་ལ་Ringing Roger བྱོར། མུ་མཐུད་Grindslow Knoll ལ་བརྒལ་།དེ་ནས་མི་རིང་བར Woolpacks ལ་ལ་བྱོར།་དེར་ཉིན་ཕྱེད་ཟིན་དགུང་ཚིགས་ཟ་མ་རྒྱོག་ཐུག་ཞིག་བཀོལ་ནས་འཐུང། ལུས་ཐང་ཆད་པ་དང་ལམ་ཐག་རིང་བས་རྒྱོག་ཐུག་འདི་བྲོ་བ་ཞིམ་པོ་བྱུང།

ས་ཚིགས་འདི་ཡང་དམིགས་བསལ་གྱི་ཁྱད་ཆོས་ཤིག་མངོན། གནས་འདིར་རང་འབྱུང་གི་རྡོ་ཆེ་མ་ཆུང་གི་རྡོ་ཕོང་རྒོད་རྣ་ཚོགས་ཤིག་གིས་འགྲེམས་འདུག

རྡོ་དེ་ཚོ་སི་པེན་གྱི་རྡོ་བཟོ་མཁས་པ་Antoni Gaudi་ཨེན་ཏོ་ནི་གོའུ་དིསབཟོས་པ་ལྟ་བུ། འགའ་ཞིག་ནི་མིའི་ངོ་མདོང་དང་འགའ་ཞིག་ནི་སེམས་ཅན་གྱི་བྱད་གཟུགས་ལྟ་བུ་སྣ་མང་གིས་ཁྱབ་འདུག གནས་འདིར་རྡོ་ཡ་མཚན་མང་པོའི་མཛེས་ཆོས་ལ་ཡུན་ཞིག་བལྟ་སྐོར་སོང།

དེ་ནས་Peak distt རི་མཐོ་ཤོསKinder Scoutཕྱོགས་མུ་མཐུད་ལ་འཛེགས། མི་རིང་བརKinder scout རིའི་རྩེ་མུར་ས་ཚིགས་ཀྱི་རྡོ་རིང་སྟེང་རྒྱལ་ཁས་ངང་ནས། ཀི་ཀི་བསོ་བསོ་ལྷ་རྒྱལ་ལོས་ཀི་སྒྲ་གནམ་ས་བརྒས་པ་ཞིག་བསྒྲགས།་འདི་ནི་བོད་ཀྱི་ཐུན་མོངས་མ་ཡིན་པའི་རི་འགོར་ཀི་སྒྲ་བསྒྲགས་པ་ནི་བོད་པའི་གོམས་གཤིས་དང་ཡུལ་ལྷ་གཞི་དག་བསོ་བའི་ལམ་ལུགས་ཤིག་ཀྱང་ཡིན།

དེ་ནས་མར་རྩ་ཐང་དང་སྤངས་ལྗོངས་གཉིས་ལྡན་གྱི་མུ་མཐའ་བྲལ་བའི་ལྷོ་ཕྱོགས་ཀྱི་རྐང་ལམ་ཕྲ་མོ་རྒྱུད་དེ་ཕྱིན་ནས་Kinder low ལ་ལ་བྱོར།

དེར་ཉི་གཡོལ་མཚམས་སུ་སླེབས་།ལྷོ་ནུབ་གྱི་ལམ་མདོ་ཞིག་དང་ཕྲད་། དེར་ངེད་གཉིས་ངལ་གསོ་ཞིག་བརྒྱབ་པ་དང་ཆབས་ཅིག བོད་ཇ་ཞིམ་པོ་ཞིག་བཀོལ་སྟེ་ནང་གི་རང་ཐག་གིས་འཐག་པས་ནས་རྩམ་དྲི་བསུང་འཐུལ་བ་ཞིག་ཁམ་གང་རེ་དལ་གྱིས་འགམས།

དེ་ནས་ངེད་གཉིས་ནུབ་གྱི་ཕྱོགས་སུ་ཁ་ཕྱོགས་སྟེ་ནུབ་རིའི་རྐང་ལམ་Rushup Edge རྒྱུད་དེ། རིའི་ཟེ་རྒྱུད་རྩེ་མོ་མི་ལོ་སྟོང་གིས་ལམ་བགྲོད་པས་རྡོག་བརྫེས་ཀྱིས་ལ་འགོ་རྐང་ལམ་ཤུལ་ཉག་ཉག་ཏུ་གྱུར་བའི་རྐལ་ལམ་ཕྲ་མོ་འབྲུལ་འདྲ་བའི་སྟེང་ནས་གོམ་པས་གཞལ།

ལ་འགོའི་རྐང་ལམ་འདིས་སྟེང་ནས་སྐྱོད་སྐབས་ཤར་ནུབ་གཉིས་ཀྱི་ཡུལ་ལྗོངས་གཉིས་ཀ་མཇལ། ཤར་གྱི་ཕྱོགས་སུ་ཁ་ཕྱོགས་ན་Castleton ཡུལ་གཞོང་མཇལ། ནུབ་ཕྱོགས་སུ་ཁ་ཕྱོགས་ན་Edale་ཡུལ་གཞོང་མཇལ། ངེད་གཉིས་གནས་འདིའི་མཛེས་སྡུག་གི་ཁྱད་ཆོས་འདི་ཡིད་དབང་འཕྲོག་པས་ཚ་ཕོག་མི་རྒྱག་དཀའ་མེད་བྱུང། འདི་ནི་ལྷ་བཟོ་མཁས་པས་དམིགས་སུ་བཀར་ནས་བསྐྲུན་པ་ལྟ་བུ་ཆེ་མཛེས་སྡུག་ལྡན་པ། མིག་ཅེར་བུས་ཇི་ཙམ་བལྟས་ཀྱང་ཡིད་མི་ངོམས་པ་ངག་ནས་རང་དབང་མེད་པར་ཨ་ཧ་ཨེ་མ་ངོ་མཚར་ཆེ་ངང་གིས་ཐལ།

ངེད་གཉིས་ཚ་ཕོག་རྒྱག་སའི་གནས་འདི་ལོ་རྒྱུས་རང་བཞིན་གྱི་གནས་ཤིག་རེད་འདུག་མིང་Round Barrow known as Lord’s Seat (Upper Booth), Edale དེ་ལ་ཤིང་གི་ར་བས་སྐོར་བའི་དུར་ས་ཞིག་འདུག

 དེ་ནས་རི་གཞོང་རྒྱུད་དེ་Edale གྲོང་གི་མེ་འཁོར་འབབ་ཚུགས་ཆོུད་༧་པ་ཡོལ་ཙམ་ལ་བྱོར། 

མེ་འཁོར་སླེབས་པར་དུས་ཡུན་གང་མཚམས་ཤིག་སྒུག་དགོས་འདུག དེའི་ཉེ་གྲམ་གཡས་ཕྱོགས་ལ་ཆང་ཁང་ཆེན་པོ་ཞིག ཕྱིའི་སྒོ་ར་ཆེན་པོའི་ནང་ཆང་འཐུང་མཁན་མིས་སྒང་འདུག ངེད་གཉིས་ཀྱང་ལུས་འཁུར་པོ་ལྕི་པོས་ངལ་དུབ་དང་ཁ་ཡང་གང་ཙམ་སྐོམ་འདུག་པས། ཆང་ཁང་ལ་ར་བཟི་ཆང་དང་ཕྲད་པ་དང་འདམ་བྱ་ཆུ་དང་ཕྲད་པ་ལྟ་བུ་ཆང་ཁང་ནང་འཕྲལ་གྱིས་ཤོར།

གང་རྒྱོག་འཁུར་པོ་མར་འཕབས་སྟེ་བིར་ཆང་གཉོ་བར་སོང། ཆང་ཁང་འདིར་ལས་བྱེད་པ་བུ་མོ་ན་གཞོན་ངོ་མདོང་ཤ་སྔོ་སིལ་སིལ། མིག་ཆེན་པོ་ཕྲ་སྒོར་སྒོར་ངོ་མདོང་འཛུམ་གྱིས་བརྒྱན་པ་ཞིག་གིས་བིར་ཆང་སྒྲོན།

སྐབས་དེ་དུས་བིར་ཆང་གྲང་བསིལ་བསིལ་འདི་མིད་པའི་ནང་ཞུད་བཞིན་པའི་སྐོམ་དུང་གསལ་བའི་བདེ་སྐྱིད། མདུན་གྱི་མཛེམ་མ་འདིའི་འཛུམས་དངས་འདིས་སྐོམ་སྲེད་དང་ལུས་ཐང་གཉིས་ཡུད་ཀྱིས་བཞུད།

དེ་ནས་ངེད་གཉིས་མེ་འཁོར་འབབ་ཚུགས་སུ་བསྐྱོད་།སྟབས་འགྲིག་པ་ཞིག་ལ་ཆང་ཁང་གི་བུ་མོ་མཛེས་མ་འདི་ཡང་འབབ་ཚུགས་འདིར་སླེབས་འདུག ང་ཚོ་དང་མེ་འཁོར་ཅིག་ཡིན་འདུག ཡིནའང་ང་དང་བུ་མོའི་འགྲོ་ཡུལ་ལམ་ཁ་ཐ་དད་དང་ལས་དབང་ཁ་ཁག་ཡིན་པས། ང་ནི་འབབ་ཚུགས་ཕྱི་མར་འབབ་དགོས་། འབབ་ཚུགས་འདི་ནས་ང་དང་ངས་སྣ་བ་འགྲོ་བའི་བུ་མོ་འདི་འབབ་ཚུགས་དེ་ནས་ཁ་བྲལ། མེ་འཁོར་འབབ་ཚུགས་འདི་ཡང་མི་ཚེའི་ནང་གི་དྲན་རྟེན་ཞིག་ཏུ་གྱུར། དངོས་འབྲེལ་བཤད་ན་བིར་ཆང་བསིལ་མ་དང། ཆང་ཁང་གི་ཆང་མ་མཛེས་མ། སྟབས་འཁེལ་གྱི་ཆང་མ་མེ་འཁོར་འབབ་ཚུགས་བར་སླར་ཕྲད་པ་འདི་དངོས་འབྲེལ་རེད། དེ་མིན་མ་རུང་སེམས་ཀྱི་རྣམ་རྟོག་གི་འཆར་སྒོ་ཞིག་ཡིན།

”འགྲུལ་པ་ཞག་གསུམ་གནས་ཚང་གནས་མགྲོན་རེད།

སོ་སོའི་བསམ་བློ་སོ་སོས་བཏང་བ་དགའ།

འགྲུལ་པའི་འགྲོ་ཆས་སྔོན་ནས་མ་བསྒྲིགས་ན།

གནས་ཚང་རྒྱབ་ཏུ་ཁྱེར་ནས་འགྲོ་རྒྱུ་མེད།

གནས་མོ་རོགས་ལ་ཁྲིད་རྒྱུ་ཡོད་མདོག་མེད།།”———-ཁ་ཆེ་ཕ་ལུའི་རྙིང་གཏམ་ཅི་མི་བདེན།

ངེད་གཉིས་Hope Valley མེ་འཁོར་འབབ་ཚུགས་ནས་ཤར་སྐྱོད་གུར་འཕུབ་ཚུགས་ས་ཆ་འཚོལ་བར་ཕྱིན།

གང་འཚམས་འཚོལ་བྱས་ས་ཆ་གཅིག་རག་འབྱུང་། ས་གླ་གུར་རེ་རེར་མཚན་ཞག་གཅིག་ལ་དབྱིན་སྒོར༩ རེར་ལེན་སོང།

གང་རྒྱོག་གུར་ས་བཟུང་ནས་གུར་འཕུབས། མཚན་མོ་ཆུ་ཚོད་༡༠་ཡོལ་འཚམས་དགོང་ཟས་ཟ་ཁང་འཚོལ་བར་སོང། ཟ་ཁང་འགའ་ཤས་སར་ཕྱིན་པས་མང་ཆེ་བ་ནི་སྒོ་བརྒྱབ་ཟིན་འདུག མཐའ་མ་Curry Club ཟེར་བའི་རྒྱ་གར་གྱི་ཟ་ཁང་ཞིག་གི་མི་འདོད་བཞིན་ངོས་ལེན་བྱས་སོང། འདིར་ངས་Tarka daal, Mixed Vegetables curry དང་ཁ་ཆའི་tantoor rotiབག་ལེབ་བསོས་མ་མངགས། ཅོ་ལགས་ནས་བྱ་ཤ་རྐམ་པོ་ཞིག་མངགས་སོང། ཉིན་གང་འཁུར་པོ་ལྕི་པོས་གནོན་པའི་ལུས་ཡོངས་རྫོགས་ཐང་ཆད་པ་དང་། གྲོད་པ་ལྟོག་པ་གཉིས་ཀྱིས་ལུས་ཟུང་ཟད་དེ། ཤི་མ་གསོན་གྱི་ཚོར་བ་ཞིག་གི་སྐབས་ཟས་ཞིམ་པོ་དེས་ལུས་ལ་སྲོག་འབྱིན་པ་ལྟ་བུ་སླར་བསོས་བར་བྱས་སོ། མཚམས་འདི་ནས་ཉིན་གཉིས་པའི་ལེའུ་རྫོགས་སོ།


Leave a Reply

Your email address will not be published. Required fields are marked *