སད་ཀྱི་བཅོམ་པའི་མེ་ཏོག

བདང་དགོང་མཚན་མོ་གཉིད་འགོ་མ་བརྩམས་གོང་དྲ་རྒྱའི་ནང་མྱུལ་བས་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་བ་མཁས་དབང་དོན་གྲུབ་རྒྱལ་གྱི་གྲགས་ཅན་རྩོམ་སྒྲུང་{སད་ཀྱི་བཅོམ་པའི་མེ་ཏོག}་བརྙེད་སོང་། རྩོམ་སྒྲུང་དེ་ནི་ངེད་ཀྱི་དགའ་ཤོས་ནང་གི་རྩོམ་སྒྲུང་ཞིག་ཡིན་། རྩོམ་སྒྲུང་དེ་མཇལ་མ་ཐག་བཀླགས་འགོ་བརྩམས་པ་ཡིན་། ངོས་ཤོག་འགོ་བརྩམས་པ་ནས་ཟུང་མཇུག་གི་ཤོག་བུ་བར་ཀློག་ཐེངས་གཅིག་ལ་དབུགས་ཀྱི་རྒྱུ་བ་ཡང་མི་བཀག་པར་རྩོམ་སྒྲུང་དེའི་མཇུག་བསྡུས། མཚན་དགུང་གི་དུས་ཡུན་དེ་ནི་དེ་འདྲའི་འགྲོས་འགྱོགས་པ་ནམ་ཕྱེད་ཀྱི་སྐྱ་རེངས་ཡང་བསུས་ཚར་འདུག། ཡིནའང་གུས་པར་ད་དུང་ཡང་གཉལ་བའི་གཉིད་མིག་ལམ་ནས་རིང་པོར་ཡེར་སྟེ་སེམས་པའང་སྐྱོ་ལྷང་ལྷང་སྟེ་བློའང་མི་བདེ་བས་སྟོང་སངས་སངས་ཀྱིས་ལྷ་སྐྱིད་ཀྱི་ལས་དབང་ལ་བསམ་ཞིབ་མི་བྱས་ཀ་མེད་བྱུང་། ཁོ་མོའི་ལས་དབང་ནི་ཆེད་དམན་པ་བརྩེ་དུངས་དེའི་ཆེད་དུ་ཡོངས་རྗོགས་བློས་བཏང་ཀྱང་མཐའ་འབྲས་བདུད་རྩི་ལོངས་སུ་སྤྱོད་པའི་སྐལ་བཟང་གི་དགའ་སྟོན་མ་ཐོབ་པའི་བུ་མོ་ལས་ངན་ཞིག་ཏུ་སྣང་༎

 ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱིས་ཚེ་རིང་ལ་བཅངས་པའི་བརྩེ་དུང་འདིས་དུས་རབས་དེའི་ཕོ་གསར་ཤར་མ་ཡོངས་ཀྱིས་རེ་བ་ང་ལའང་ལྷ་སྐྱིད་ཀྱི་ལྷད་མེད་འཛུམ་མདངས་། དགའ་མགུས་ཡིད་རོལ་བའི་བརྩེ་དུངས་མིག་ཞགས་འཕངས་ཉམས་བསྐོམ་པ་ཆུ་འདོད་ལྟར་ཉིན་མཚན་གཏོལ་མེད་ཡིད་ལ་ལྷག་པར་བསྐེམས་།དུས་རབས་དེའི་ཕོ་གསར་ཡོངས་ནས་ཚེ་རིང་ལ་ཕྲག་དོག་གིས་སྡངས་༎

དུས་རབས་ཀྱིས་དམན་ཤར་བུ་མོ་ཡོངས་ནས་ཀྱང་ཚེ་རིང་ལ་དེ་འདྲ་ལྷ་སྐྱིད་ཀྱི་བློ་ཁ་འགུག་ཐུབ་པའི་མི་མངོན་པའི་སྒྱུ་འཕྲུལ་གྱི་ནུས་པ་ ། སྒྱུ་འཕྲུལ་གྱི་རྗས་ཅི་ཡོད་མཉམ་པས་འཕྱང་མོ་ཉུག་༎མོ་ལས་ང་མཛེས་འགྲན་སེམས་ཀྱིས་སྙིང་རླུང་ལངས་༎ཇི་ལྟར་ཡང་ཁྱེད་ཀྱིས་ཚེ་རིང་ལ་བཅོལ་བའི་བརྩེ་དུང་གི་དམ་བཅའ་ནི་གངས་དཀར་རི་བོ་ལས་དངས་ཤིང་དཀར་བ་རི་རྒྱལ་ལྷུན་པོ་ལས་ལྗིད་ཞིང་བརྟན་པ་།བདག་ནི་ཁྱེད་ཀྱི་མི་གཤིས་ལ་ཡིད་ཞེ་མ་ནས་མགུ་།སྐབས་གར་ཁྱེད་ལའང་ཤ་ཚ་།སྐབས་གར་ཁྱེད་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཁྱེད་དང་འགྲོགས་ནས་ཚེ་རིང་གི་སར་སྐྱེལ་མར་བྱས་ཐུབ་ན་བསམ་པའི་འདུ་ཤེས་དྲག་པོའང་བསྐྱེས་༎སྐབས་གར་ཞེ་དྭངས་དྲག་པོས་ཚེ་སྐྱིད་ཀྱི་ཕ་མི་གཤིས་གཏུམ་པོ་སྙིང་ཞེན་ཁེངས་དྲེགས་ཅན་ལྐུག་པའི་བྱ་སྤྱོད་ལ་ཞེ་དྭངས་ཀྱིས་མེ་འབར་། སྐབས་གར་ལྷ་མོ་དང་རི་གཡག་གཉིས་ལའང་གནད་དོན་དེའི་འགན་འཁྲི་ཁྱེད་གཉིས་ལ་དཀྲིས་ཏེ་ཁོང་ཁྲོས་སྡིག་མོ་བྱས་། སྐབས་གར་རང་དོན་འཁོག་བཅུགས་ཀྱིས་མདུན་ལམ་རྗེས་སྙེགས་ལས་ངན་ཚེ་རིང་ལའང་ཞེ་འཁོན་འཛིན་ཏེ་ལྷ་སྐྱིད་ཀྱི་ལྷད་མེད་བརྩེ་དུང་གི་མེ་ཏོག་བཅོམ་པར་བྱེད་མཁན་སྡུག་རྩུབ་དྲག་ཆར་སྙིང་རྗེ་མེད་པའི་སད་ནི་ཁྱེད་ཉིད་དོ་ཞེས་ཡང་ཡང་གཤེ་༎


Leave a Reply

Your email address will not be published. Required fields are marked *