
དེ་རིང་ངས་དབྱིན་ཇི་རྒྱལ་ཁབ་དང་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང་།
ཐོག་མར་ཀུན་སློང་སྐྱབས་གནས་དམ་པ་མཆོག་གསུམ་གྱི་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བའི་ངང་ནས། གླིང་ཕྲན་གསུམ་ལ་མངའ་དབང་བསྒྱུར་ཅིང་མི་འཇིགས་སེང་གེའི་ཁྲིད་ལ་འཁོད་ཡོད་པའི རྒྱལ་མོ་ Queen Elizabeth མཆོག་ལ། སྒོ་གསུམ་གུས་པ་ཆེན་པོས་ལག་གཉིས་སོར་བཅུ་སྤྱིར་བོར་བཏེགས་ཏེ་གུས་ཕྱག་འཚལ།
སྐབས་བསྟུན་ལས་ཐོག་དབང་འཛིན་པBoris Johnson གཙོ་བའི་བློན་འཁོར་དང་མངའ་བདག་Sadiq khan དང་། རང་ཉིད་གནས་བཅའ་བའི་ས་གནས་རྫོང་དཔོན་Linda Bird བཅས་ལ་བཀའ་དྲིན་ཆེ་ཞུའོ་།།
གུས་པས་ཡུན་རིང་སེམས་ན་བརྣག་པའི་བསམ་དོན་ཞིག་ནི། རང་དང་སྒོས་མཚོ་གླིང་འདིར་འཚོ་སྡོད་ཡོད་པའི་བོད་མི་རྩམ་གཟན་ཡོངས་ལ། ཕ་མ་ལས་བཀའ་དྲིན་ཆེ་བའི་རྒྱལ་ཁབ་འདི་དང་་དབྱིན་ལན་གྱི་མི་དམངས་ཀྱི་བཀའ་དྲིན་ནི། ཚེ་འདིར་འཇལ་དཀའ་བ་དང་དྲིན་གྱི་བོང་ཚད་རི་བོ་ཏི་སེ་ལས་ལྕི་བ། རྒྱ་མཚོ་ལས་གཏིང་ཟབ་པ། དེའི་གཏིང་མཐའ་དང་ལྗིད་ཚད་དཔག་དཀའ་སྟེ་སོ་སོའི་ནུས་པས་གང་ལྕོགས་དྲིན་ལན་འཇལ་བའི་སྟ་གོན་ཞིག་མི་བྱེད་ཚེ། ཕྱི་མའི་ལམ་ཕྲང་ལ་དྲིན་གྱི་འཁུར་པོ་ལྕི་བོ་འདི་ཉམ་ཆུང་ཕྲག་པར་ཐེག་ཐུབ་པའི་སྤོབས་པ་དང་། དྲིན་གྱི་བུན་སྐྱེད་ཚེ་རབས་ནས་ཚེ་རབས་འཇལ་་ཐུབ་པའི་འདེང་ཚོད་བྲལ།།
དེ་རིང་སྤྱི་ལོ་༢༠༢༡ པའི་ཟླ་༢ བའི་ཚེས་༢༢་པའི་རེ་གཟའ་ཟླ་བ་ཉིན་ནས་འཆར་ཅན། སོ་སོ་རང་ཉིད་ཀྱི་ཁོ་ར་ཁོར་ཡུག་ལ་གནས་བཅའ་བའི། གྲོགས་མེད་ཁྱེར་རྐྱང་ནད་མནར་གྱིས་གདུང་བའི་འགྲེས་སོང་འགའ་ལ་ཉིན་དགུང་གསོལ་ཚིགས་ཤིག་འབུལ་རྒྱུའི་ལས་འགུལ་ཞིག་འགོ་བརྩམས།
ལས་འགུལ་འདི་ནི་དྲིན་ལན་འཇལ་ཡུལ་གང་ཟག་སུ་ཡིན་རུང། ཁྱད་དུ་འཕགས་པའི་གང་ཟག་གི་ཆེ་མཐོང་ལས་སྤྲང་པོར་ལྟོ་སྦྱིན་གཏོང་བའི་ཀུན་སློང་དང་། རང་ཉིང་ལ་ཚོང་གི་ཁེ་ཕན། སྙན་གྲགས་ཁོག་བཅངས་ཀྱི་བསམ་པ་ཡེ་ནས་སྤངས་ཏེ། འཇལ་བྱེད་ཟས་ཀྱི་ཕུལ་མཆོད་པའི་ངོ་བོ་གུས་པ་ཆེན་པོས་ལན་ལ་རེ་བ མེད་པའི། སྤྱོད་འཇུག་བསླབ་བྱས་རྒྱུད་སྦྱངས་ཏེ་ལག་ལེན་ལ་ཞུགས་པའི་ཁུལ་བགྱིས་ཏེ། གོང་ཚེས་ཉིན་དགུང་ཆུ་ཚོད་༡༢་དང་ཕྱེད་ཀའི་ཐོག་ཚ་དྲོད་ལྡན་པའི་ཉིན་རྒྱགས། ཟས་ཐུམ་ལག་གཉིས་ཀྱིས་གུས་པས་བཀྲམ་༎
བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་དགོས་པ་ནི།
ཕྱི་ལོ་༡༩༥༩་ལོར་རྒྱ་དམར་གྱིས་བཙན་དབང་བསྒྱུར་བའི་བོད་ཁམས་ཡོངས་རྗོགས། དམྱལ་ཁམས་སུ་བསྒྱུར་ཏེ་བོད་མི་རྣམས་སྦྲང་ཚང་ལ་རྡོ་འཕོགས་པ་ལྟ་བུ། བོད་མི་མང་པོ་ཡུལ་གྱར་ལ་བཙན་གྱིས་གྱར་དགོས་བྱུང་བས། དུས་ངན་གཉན་འཕྲང་འོག་མི་རབས་གཉིས་ཀྱི་མི་ཚེ་ཆར་རླུངཁྲོད་ཀྱི་ལ་མགྲོན་བཞིན་ཟད་པའི་མཐར་། སྐྱབས་མེད་མགོན་མེད་ང་དང་ང་འདྲ་བའི་བོད་མི་མང་ཁག་གཅིག་་ལས་སྨོན་བཟང་པོས་མཚམས་སྦྱར་བའི། མཚོ་གླིང་ཡིད་དུ་འོང་བ་སངས་རྒྱས་ཆོས་ལུགས་ནང་བྱང་ཕྱོགས་ཤམ་བྷ་ལ་ཟེར་སྐད་མི་མངོན་ཕུན་སུམ་ཚོགས་པའི་གླིང་ཞིག་ཡོད་པར་འགྲེལ་། མཚོ་གླིང་འདིའང་་དེ་དག་གིས་ཁྱས་ཆོས་ལྡན་པ་ཞིག་ཡོད་པས། བྱང་ཤམ་བྷ་ལ་་ལ་ངོས་འཛིན་ན་ཆོག
རྒྱལ་ཕྲན་འདིའི་ནངབཅུད་ཀྱི་སེམས་ཅན་རྣམས་ཀྱི་ལྟ་བ། གོམས་གཤིས། བཟང་སྤྱོད་ཡ་རབས་དགེ་བ་ལ་སྤྲོ་བ། སྡིག་པར་འཛེམས་པ་གཤིས་རྒྱུད་དྲང་བ། ཁོ་ར་ཁོར་ཡུག་སྣ་འཛོམས་ཆ་རྐྱེན། དཔལ་འབྱོར་ཚན་རིག་ཡར་རྒྱས་ལ་འཛམ་གླིང་ཡུལ་གྲུ་ཀུན་གྱིས་མངོན་པར་བསྟོད་པ་དང། ཡར་རྒྱས་གཞལ་བྱའི་དམིགས་དཔེར་གླིང་ཕྲན་འདི་ལ་འགྲན་།
དགེ་མཚན་དེ་དག་ལ་བསམ་ན། ངའི་ལས་སྐལ་གྱི་གླིང་ཕྲན་འདི་ནི་བྱང་ཤམ་བྷ་ལ་ལ་ངོས་བཟུང་ན་རྟོག་གེ་བ་ཤང་ཀར ཨ་ཙརྱ་ཡིས་ཁ་ཚོན་གཅོད་པའི་ངལ་བ་མི་མཛད་པར་ངེས།
འདི་འདྲ་བའི་གླིང་ཕྲན་འདིར་མགོན་མེད་སྐྱབས་མེད་ངང་ཉམ་ཐག་ང་དང་ང་འདྲ་བའི་བོད་མི་མང་དག་ཅིག་ལ་ཟས་གོས་གནས་་མལ་གྱིས་མཐུན་རྐྱེན་སྦྱར། ཕུ་ནུ་བཞིན་དམ་ཚིག་བརྩེ་བས་བསྐྱངས། མི་རིགས་ཀྱི་རང་དབང་དང་ཁྲིམས་ཀྱིས་སྲུང་སྐྱོབ་། ས་གནས་མི་རིགས་རང་དང་གཅིག་མཚུངས་ལྟར་མངའ་འབངས་སུ་བསྡུས། ཐོབ་ཐང་ཇི་བཞིན་སྤྲད་དང་སྤྲོད་བཞིན་པས་དག་གིས་བཀའ་དྲིན་རྗེས་དྲན་ཞིག་མ་ཞུས་ན་མི་ཆོས་ལས་རྒལ་བ་དང་ཤི་ནའང་འགྱོད་པས་འཁུར་པོས་གནོན།
